ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་མིག་སྔར་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་འགུལ་སྐྱོད་གསར་བ་སྤེལ་བའི་དགོས་པ་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གསུམ་ཉིན་བསྟན་དོན། ཨ་མེ་རི་ཁས་ཐུར་ཁེ་ལ་ཁུའུ་ཨར་ཏི་དྲག་ཆས་པའི་ཕྱིར་འཐེན་བྱ་བ་ཡོངས་འགྲུབ་བྱས་པ་ཁས་ལེན་བྱས་པས། མིག་སྔར་ཡུལ་དེར་འགུལ་སྐྱོད་གསར་བ་སྤེལ་བའི་དགོས་པ་མེད་ཟེར། 

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དུས་ཚོད་བརྒྱ་དང་ཉི་ཤུའི་ཡུན་ཚད་ལོངས་སྐབས། ཨ་མེ་རི་ཁས་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་དང་ཁུའུ་ཨར་ཏི་བཟོ་བའི་ཏང་འདུས་པའི་ཁུའུ་ཨར་ཏི་དྲག་ཆས་པ་ཞི་བདེའི་ཆུ་མིག་ཅེས་པའི་འགུལ་སྐྱོད་ས་ཁུལ་ནས་ཕྱིར་འཐེན་བྱས་ཡོད་པ་ཁྱབ་སྒྲོག་བྱས་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེ་དང་ཨུ་རུ་སི་ཡིས་བཀོད་པའི་བཟོད་སྒོམ་བརྗེད་ཐོར་ཐུར་ཁེའི་མཐའ་མཚམས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ཁུའུ་ཨར་ཏི་དྲག་ཆས་པ་དག་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ལྷོ་ངོས་ཀྱི་སྤྱི་ལེ་སུམ་ཅུའི་བར་ཕྱིར་འཐེན་བྱེད་དགོས་པའི་ནང་དོན་འདུས་ཡོད། དུས་རིམ་འདིའི་ནང་ཐུར་ཁེ་དམག་དཔུང་གིས་མིག་སྔའི་འགུལ་སྐྱོད་ས་ཁུལ་ལས་བརྒལ་ནས་འགུལ་སྐྱོད་གསར་བ་སྤེལ་མི་དགོས་ཟེར། 

ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཚེས་ཉེར་གཉིས་ཉིན་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ལ་ཁ་པར་བཏང་སྟེ། ཨ་མེ་རི་ཁའི་དམག་དོན་དཔོན་པོས་ཡིག་ཐོག་ནས་ཐུར་ཁེའི་དམག་དོན་ལས་ཁུངས་ལ་བརྡ་བཏང་བ་དང་། ཁུའུ་ཨར་ཏི་དྲག་ཆས་པ་ཞི་བདེའི་ཆུ་མིག་ཅེས་པའི་འགུལ་སྐྱོད་ས་ཁུལ་ནས་ཕྱིར་འཐེན་བྱས་ཡོད་པ་བདེན་དཔང་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།