ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་འཛམ་གླིང་ཡོངས་ཀྱི་སུམ་ཆའི་གཅིག་གི་ལོ་ལྔའི་མན་གྱི་བྱིས་པར་འཚོ་བཅུད་མི་འདང་བའམ་ཡང་ན་ལྗིད་ཚད་ལས་བརྒལ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་ཚེས་བཅོ་ལྔ་ཉིན་སྤེལ་བའི་ཉིས་སྟོང་བཅུ་དགུ་ལོའི་འཛམ་གླིང་བྱིས་པའི་གནས་ཚུལ་ཞེས་པའི་སྙན་ཞུ་ལས་བསྟན་དོན། འཛམ་གླིང་ཡོངས་ཀྱི་སུམ་ཆའི་གཅིག་གི་ལོ་ལྔའི་མན་གྱི་བྱིས་པར་འཚོ་བཅུད་མི་འདང་བའམ་ཡང་ན་ལྗིད་ཚད་ལས་བརྒལ་ཡོད་པ་དང་། སྤྱིའི་མི་གྲངས་དུང་ཕྱུར་གཉིས་ལས་བརྒལ་ཡོད་པས། དེས་བྱིས་པར་དུས་ཡུན་རིང་བོར་ཤུགས་རྐྱེན་ངན་པ་བཟོ་སྲིད་ཟེར། 

བྱིས་པའི་ཐེབས་རྩ་ཚོགས་པས་བཤད་རྒྱུར། སྙན་ཞུ་དེ་ལས་དུས་རབས་ཉེར་གཅིག་པའི་བྱིས་པའི་འཚོ་བཅུད་མི་འདང་བའི་སྣང་ཚུལ་སྣ་ཚོགས་ལ་དམིགས་ཏེ། ད་ལྟའི་བར་ཆེས་ཡོངས་ཁྱབ་ཀྱི་དཔྱད་འཇོག་འདོན་སྤྲོད་བྱས་ཡོད། དཔྱད་འཇོག་མཇུག་འབྲས་ལྟར་ན། འཛམ་གླིང་ཡོངས་ཀྱི་ཟླ་ངོ་དྲུག་ནས་ལོ་གཉིས་བར་གྱི་བྱིས་པའི་ཁྲོད། སུམ་ཆའི་གཉིས་ཙམ་ལ་ལུས་ཕུང་དང་ཀླད་པ་མྱུར་མོར་སྐྱེས་འཕེལ་འབྱུང་བར་མཁོ་བའི་ཟས་རིགས་ཐོབ་ཐུབ་མེད་པས། ཁོ་ཚོའི་ཀླད་པའི་སྐྱེས་འཕེལ་མི་བཟང་བ་དང་སློབ་སྦྱོང་གི་ནུས་པ་ཞན་པ། རིམས་འགོག་ནུས་པ་དམའ་བར་མ་ཟད། ནད་འགོ་བའི་ཉེན་ཁ་ཆེ་བ་དང་ཐ་ན་དུས་མིན་འཆི་བའི་ཉེན་ཁ་ཡོད་པ་རེད། 

དེ་ལས་གཞན་འཛམ་གླིང་ཡོངས་སུ་མིག་སྔར་བྱིས་པ་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་དགུའི་སྐྱེས་འཕེལ་དལ་བ་དང་། བྱིས་པ་བྱེ་བ་ལྔའི་ལུས་ཕུང་ཧ་ཅང་རིད་པ་རེད། བྱིས་པ་དུང་ཕྱུར་གསུམ་དང་བྱེ་བ་བཞིར་འཚོ་བཅུད་ཀྱིས་མི་འདང་བའི་སྣང་ཚུལ་ཡོད་ལ། བྱིས་པ་བྱེ་བ་བཞིར་ཚོ་བུད་དེ་ལྗིད་ཚད་ལས་བརྒལ་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།