ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ས་ཁུལ་གཉིས་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་ཆོད་དོན་བརྩི་སྲུང་བྱེད་རྒྱུ་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཚེས་བཅོ་ལྔ་ཉིན་ཨུ་རུ་སིའི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་རྒྱུན་ལྡན་གྱི་གྲོས་ཚོགས་བསྡུས་ཏེ། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཏོན་ནེ་ཚི་ཁི་ཀྲིག་དང་ལུའུ་ཀན་སི་ཁི་ཀྲིག་གཉིས་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་ཆོད་དོན་བརྩི་སྲུང་བྱེད་པ་བསྐྱར་སྒྲོག་བྱེད་དགོས་ཟེར། 

ཡོ་རོབ་གླིང་བདེ་འཇགས་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་སཱ་དབྱེ་ཏིས་ཁི་ཡིས་གྲོས་མོལ་བྱས་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་དང་དེའི་བདེ་འཇགས་བྱ་བའི་ཚན་ཆུང་གིས་གྲོས་མོལ་བྱེད་སྐབས་གཙོ་བོ་ཝུའུ་ཁི་ལན་ཤར་ཕྱོགས་འཁྲུག་རྩོད་ས་ཁུལ་གྱི་བདེ་འཇགས་དང་། ས་ཁུལ་གཉིས་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། འབྲེལ་ཡོད་ཕྱོགས་ཀྱིས་དེའི་སྔོན་གྱི་ཆོད་དོན་ལྟར་དུ་ཟླ་བཅུ་བའི་ཚེས་བདུན་ཉིན་ས་ཁུལ་གཉིས་ནས་དམག་དཔུང་ཕྱིར་འཐེན་བྱེད་ཐུབ་མེད་ཀྱང་། ཕྱོགས་སོ་སོས་དམག་དཔུང་ཕྱིར་འཐེན་བྱེད་པའི་ཆོད་དོན་དེ་བརྩི་སྲུང་བྱེད་རྒྱུ་བསྐྱར་སྒྲོག་བྱེད་དགོས་ཟེར། སཱ་དབྱེ་ཏིས་ཁི་ཡིས་དམག་དཔུང་ཕྱིར་འཐེན་བྱེད་པའི་ཆོད་དོན་དེ་གང་མགྱོགས་སྒོས་ལག་ལེན་དུ་བསྟར་དགོས་པའི་ཚུལ་བསྟན། 

སཱ་དབྱེ་ཏིས་ཁི་ཡིས་བཤད་རྒྱུར། ཉེ་སྔོན་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་སྣང་ཚུལ་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར། ཁོས་ཡང་བསྐྱར་འཁྲུག་རྩོད་ཕྱོགས་ཁག་སོ་སོས་རང་ཉིད་ཀྱིས་མི་སེར་དཀྱུས་མར་ཆབ་སྲིད་དང་མི་ཆོས་ཀྱི་འགན་འཁྲི་ཁུར་ཡོད་པའི་ངེས་ཤེས་སྐྱེས་པར་བྱས་ཏེ། རང་ནུས་ཅི་ལྕོགས་ཀྱིས་མུ་མཐུད་དུ་འཁྲུག་རྩོད་མཚམས་འཇོག་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། 

སཱ་དབྱེ་ཏིས་ཁི་ཡིས་མཚམས་སྦྱོར་བྱས་དོན། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་དཔལ་འབྱོར་བྱ་བའི་ཚན་ཆུང་གིས་གྲོས་མོལ་བྱེད་སྐབས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་སྤོ་སྒུལ་འཕྲིན་གཏོང་སླར་གསོ་བྱེད་པ་དང་། བར་མཚམས་བརྒལ་ནས་ཆུ་འདོན་སྤྲོད་བྱེད་པ། ལས་འཁྱུར་ངལ་གསོའི་མ་དངུལ་སྟེར་བ་བཅས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། མི་གཞུང་བྱ་བའི་ཚན་ཆུང་གིས་མུ་མཐུད་དུ་བཀག་འཇུག་བྱས་པའི་མི་སྣའི་བརྗེ་སྤོར་དང་གར་སོང་མ་རྙེད་པའི་མི་སྣ་འཚོལ་ཞིབ་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཆབ་སྲིད་བྱ་བའི་ཚན་ཆུང་གིས་གཙོ་བོ་ཏོན་ནེ་ཚི་ཁི་དང་ལུའུ་ཀན་སི་ཁི་ས་ཁུལ་གྱི་དམིགས་བསལ་གོ་གནས་ཀྱི་བཅའ་ཁྲིམས་དངོས་འབེབ་བྱེད་པ་དང་། སྲོག་ཐར་དུ་གཏོང་བའི་ཁྱད་དབང་ལག་བསྟར་བྱེད་པ། ས་གནས་ཀྱི་འདེམ་བསྐོའི་བྱ་འགུལ་སྤེལ་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།