ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཨ་མེ་རི་ཁར་ཡོ་རོབ་གླིང་མནའ་འབྲེལ་ལ་ཉོ་ཚོང་འཁོན་ལན་སློག་པའི་བྱེད་ཐབས་སྤྱོད་པའི་དབང་ཆ་དངོས་སུ་བསྩལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་རྩོད་གླེང་ཐག་གཅོད་ལས་ཁུངས་ཀྱིས་ཚེས་བཅུ་བཞིའི་ཉིན་གྲོས་ཚོགས་བསྡུས་ཏེ། ཨ་མེ་རི་ཁས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་མཁའ་འགྲུལ་ཁ་གསབ་གྱོད་དོན་གྱི་གྲོས་ཆོད་གསར་བ་གཞིར་བཟུང་ནས་ཡོ་རོབ་གླིང་མནའ་འབྲེལ་ལ་ཉོ་ཚོང་འཁོན་ལན་སློག་པའི་བྱེད་ཐབས་སྤྱོད་པའི་དབང་ཆ་དངོས་སུ་སྩོལ་བར་ཡིད་འཐད་བྱུང་། 

ཡོ་རོབ་གླིང་མནའ་འབྲེལ་གྱིས་གྲོས་ཚོགས་སྟེང་བསྟན་དོན། ཨ་མེ་རི་ཁར་འཁོན་ལན་སློག་པའི་བྱེད་ཐབས་སྤྱོད་པའི་དབང་ཆ་ཐོབ་ཡོད་ཀྱང་། དེ་འདྲའི་བྱེད་ཐབས་གང་ཡིན་ཡང་མིག་རྒྱང་ཐུང་བའི་བྱ་སྤྱོད་ཅིག་ཡིན་ཞིང་། འཛམ་གླིང་ཡོངས་ཀྱི་མཁའ་འགྲུལ་ལས་དོན་གྱི་འཕེལ་རྒྱས་ལ་གནོད་པ་བཟོ་སྲིད་པར་མ་ཟད། འཛམ་གླིང་ཡོངས་ཀྱི་ཉོ་ཚོང་མ་ལག་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད་ཟེར། ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་མིས་བསྟན་དོན། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཨ་མེ་རི་ཁར་སྔར་བཞིན་པའོ་ཡུན་ཀུང་ཟིར་ཁྲིམས་འགལ་གྱིས་ཁ་གསབ་བྱེད་པའི་བྱ་སྤྱོད་ཡོད་པར་ཐག་བཅད་ཡོད་ལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྱང་མི་འགྱངས་པར་ཨ་མེ་རི་ཁར་འཁོན་ལན་སློག་པའི་བྱེད་ཐབས་སྤྱོད་པའི་དབང་ཆ་ཐོབ་ངེས་ཡིན་ཟེར། 

འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ཟླ་འདིའི་ཚེས་གཉིས་ཉིན་གྲོས་ཆོད་བཏོན་ཏེ། ཡོ་རོབ་གླིང་མནའ་འབྲེལ་དང་དེའི་ཁོངས་གཏོགས་རྒྱལ་ཁབ་སྐོར་ཞིག་གིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་རྩོད་གླེང་ཐག་གཅོད་ལས་ཁུངས་ཀྱི་འབྲེལ་ཡོད་ཆོད་དོན་ལག་བསྟར་ཡོངས་འགྲུབ་བྱས་མེད་པ་དང་། སྔར་བཞིན་མཁའ་འགྲུལ་ཀུང་ཟིར་ཁྲིམས་འགལ་གྱིས་ཁ་གསབ་སྟེར་བའི་སྣང་ཚུལ་ཡོད་པས། ཨ་མེ་རི་ཁས་ལོ་རེར་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁར་ཕྱིར་གཏོང་བྱེད་པའི་ཚོང་རྫས་དང་ཞབས་ཞུ་ལ་སྒོ་ཁྲལ་མེ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་ལྔ་ཁ་སྣོན་བྱེད་པ་སོགས་བྱེད་ཐབས་སྤྱོད་པའི་དབང་ཆ་ཡོད་ཟེར། 

ཨ་མེ་རི་ཁའི་ཉོ་ཚོང་འཐུས་མིའི་གཞུང་སྒྲུབ་ཁང་གིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨ་མེ་རི་ཁར་ཕྱིར་གཏོང་བྱེད་པའི་ཐོན་རྫས་རབ་དང་རིམ་པར་སྒོ་ཁྲལ་ཁ་སྣོན་བྱེད་པའི་འཆར་གཞི་ཡོད་པ་དང་། སྒོ་ཁྲལ་ཁ་སྣོན་གྱི་འཆར་གཞི་དེ་ཚེས་བཅོ་བརྒྱད་ཉིན་ནས་ནུས་ལྡན་དུ་འགྱུར་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།