ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོན་ཆུང་བྱེད་ཐབས་སྤྱད་དེ་ནོར་སྲིད་ཀྱི་ཉམས་ཉེན་ཚབས་ཆེན་ཐག་གཅོད་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོན་ཆུང་གི་བྱེད་ཐབས་ནན་མོ་སྤྱད་དེ། མིག་སྔར་འཕྲད་པའི་ཉེ་བའི་ལོ་ངོ་བཅུ་ཙམ་གྱི་རིང་གི་ཆེས་ཚབས་ཆེ་བའི་ནོར་སྲིད་ཀྱི་ཉམས་ཉེན་ཐག་གཅོད་བྱེད་རྒྱུ་ཐག་བཅད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སིའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་བཅུ་གཅིག་ཉིན་གསར་འགྱུར་ལས་རིགས་ལ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡེ་ཁག་སོ་སོ་དང་དོན་གཅོད་ཁང་། དེ་མིན་ས་ཁོངས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་བཅས་ལ་བྲིས་པའི་འཕྲིན་ཡིག་བརྒྱུད་སྤྲོད་བྱས། ཀུའུ་ཐི་ལོས་སི་ཡིས་འཕྲིན་ཡིག་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ལྷགས་པའི་མིག་སྔའི་ནོར་སྲིད་དཀའ་ཁག་སྙན་ཞུ་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིམ་པ་སོ་སོའི་དཔོན་རིགས་ཀྱིས་གྲོན་ཆུང་གི་བྱེད་ཐབས་སྤྱོད་དགོས་པའི་རེ་བ་བཏོན། གཞུང་དོན་དུ་ཕྱི་ཡུལ་དུ་འགྲོ་བ་དག་ཆེས་གལ་ཆེ་བའི་བྱ་འགུལ་མ་གཏོགས་ཚོད་འཛིན་བྱེད་རྒྱུ་ཡིན་ལ། གང་ནུས་ཅི་ཐུབ་ཀྱིས་མི་སྣའི་འགྲོ་སོང་དང་འབྲེལ་བ་མེད་པའི་འགྲོ་སོང་ཇེ་ཉུང་དུ་གཏོང་རྒྱུ་རེད། 

ཀུའུ་ཐི་ལོས་སི་ཡིས་ད་རུང་བཀའ་རྒྱ་བཏང་སྟེ། ཚོང་རྫས་ཀྱི་ཉོ་བསྡུ་དང་ཞབས་ཞུ་རྗེས་སུ་སྣུར་བའི་རེ་བ་བཏོན་པ་དང་། གྲོན་ཆུང་བྱེད་ཐབས་སྤྱད་ནས་ཆུ་གློག་གི་འགྲོ་སོང་ཇེ་ཉུང་དུ་གཏོང་དགོས་ཟེར། སྤྱི་ཁྱབ་པུའུ་ཡི་གྲོས་ཚོགས་ཚང་མར་དཔོན་ཕྱོགས་གྲོས་ཚོགས་ཀྱི་སྔ་གཞུག་དང་གཟའ་མཇུག་ཏུ་བྱ་འགུལ་གང་ཡང་བཀོད་སྒྲིག་བྱེད་རྒྱུ་མིན་ལ། གོང་ལ་སྤྲད་པའི་བྱ་འགུལ་གྱི་རེ་ཞུ་ལ་ཡང་བསྐྱར་དཔྱད་ཞིབ་བྱེད་རྒྱུ་རེད། དེའི་ཞོར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་གསར་བ་གདན་ཞུ་བྱེད་པར་ཚོད་འཛིན་ནན་མོ་བྱེད་རྒྱུ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོ་དམ་འཐབ་ཇུས་དང་སྲིད་ཇུས། ལུགས་མཐུན་ལས་དོན་བཅས་ཀྱི་འགན་གཙོ་བོར་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་པའོ་ལཱ་ཏི་ཡིས་ཚེས་བཅུ་གཅིག་ཉིན་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་བའི་ཚེས་དགུའི་ཉིན་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་སྲོལ་སྔོན་རྩིས་ཀྱི་སྒོར་རྐྱང་གི་མ་མཐའ་ཁ་གྲངས་སྒོར་དུང་ཕྱུར་གསུམ་དང་བྱེ་བརྒྱད་ས་ཡ་དྲུག་ལ་བསླེབ་པ་དང་། མེ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔའི་འཁོར་རྒྱུག་མ་དངུལ་དང་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་ས་ཡ་གསུམ་ཚར་ཡོད་ཟེར། 

པའོ་ལཱ་ཏི་ཡིས་བཤད་རྒྱུར། ཟླ་བཅུ་བའི་ཟླ་མཇུག་བར་དུ། ད་ལོའི་སྒོར་རྐྱང་གི་འགྲོ་སོང་ན་ནིང་ཟིན་ཐོ་ལས་བརྒལ་བའི་སྒོར་དུང་ཕྱུར་བཞི་དང་བྱེ་བ་བརྒྱད་ས་ཡ་བརྒྱད་ལས་བརྒལ་སྲིད་ཟེར། ཁོ་མོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་སྲོལ་སྔོན་རྩིས་ལ་འཁོར་རྒྱུག་གི་གནད་དོན་ཚབས་ཆེན་གནས་ཡོད་པ་དང་། རྒྱུན་ཆད་མེད་པར་གནས་བབ་དེ་ཇེ་སྡུག་ཏུ་སོང་ནས། ལོ་རེའི་གནས་ཚུལ་ལོ་སྔོན་མ་ལས་ཚབས་ཆེན་དུ་འགྱུར་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།