ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་དཔོན་རིགས་ཀྱིས་སྣུམ་འདྲུད་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཐད་ནས་ཁ་རོག་འདུག་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཆེས་མཐོའི་རྒྱལ་ཁབ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཧྲ་མུའུ་ཧཱ་ནེ་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། མཚོ་དམར་མཚོ་ཁོངས་ནས་དབྱི་ལིང་གི་སྣུམ་འདྲུད་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པ་ནི་མཚོ་ཇག་དང་གཏོར་བརླག་གི་བྱ་སྤྱོད་ཅིག་ཡིན་པ་དང་། སྤྱི་བའི་མཚོ་ཁོངས་སུ་རང་དབང་གིས་འགྲུལ་བཞུད་བྱེད་པར་འཇིགས་ཉེན་བཟོས་པ་ཡིན་པས། དབྱི་ལིང་ཁ་རོག་ཏུ་འདུག་མི་སྲིད་ཟེར། 

ཧྲ་མུའུ་ཧཱ་ནེ་ཡིས་ཉིན་དེར་བཤད་རྒྱུར། དབྱི་ལིང་གིས་སྣུམ་འདྲུད་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཐད་རྒོལ་ལན་སྤྲོད་ངེས་ཡིན་ཟེར། ཁོས་བཤད་རྒྱུར། དབྱི་ལིང་གིས་དམིགས་བསལ་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད། མིག་སྔར་རྙེད་པའི་བརྡ་འཕྲིན་ལྟར་ན། ཉེན་ཁ་ཆེ་བའི་བྱ་སྤྱོད་གང་རུང་གནས་ཡོད་པ་རེད་ཟེར། 

ཁོས་ད་རུང་བསྟན་དོན། ཉེ་བའི་དུས་སྐབས་ཤིག་གི་ནང་དབྱི་ལིང་གི་སྣུམ་འདྲུད་གྲུ་གཟིངས་ལ་དམིགས་པའི་གཏོར་བརླག་བྱ་སྤྱོད་མང་དུ་བྱུང་བ་དང་། རྒྱལ་སྤྱིའི་མཚོ་ཐོག་རྒྱུ་ལམ་གྱི་བདེ་འཇགས་ལ་འཇིགས་ཉེན་བཟོས་ཡོད་པར་མ་ཟད། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལའང་ཤུགས་རྐྱེན་ངན་པ་བཟོས་ཡོད། དོན་རྐྱེན་དེ་དག་གི་ལྟག་རྒྱབ་ཀྱི་འཆར་འགོད་མཁན་དང་ལག་བསྟར་མཁན་གྱིས་འབྲེལ་ཡོད་ཀྱི་གྱོང་གུད་ལ་འགན་ཁུར་དགོས་ཟེར། 

དབྱི་ལིང་རྒྱལ་ཁབ་རྡོ་སྣུམ་ཀུང་ཟི་ཡིས་ཚེས་བཅུ་གཅིག་ཉིན་བདེན་དཔང་བྱས་དོན། ཀུང་ཟི་དེའི་སཱ་པུས་ཐིས་རྟགས་ཅན་གྱི་སྣུམ་འདྲུད་གྲུ་གཟིངས་ལ་མཚོ་དམག་ནས་འཕུར་མདའི་འཇབ་རྒོལ་ཐེབས་ཏེ་འགས་གཏོར་བྱུང་བ་རེད། སྣུམ་འདྲུད་གྲུ་གཟིངས་དེ་རྒྱ་མཚོར་ནུབ་མེད་པ་དང་གྲུ་གཟིངས་ཀྱི་རྣམ་པ་ཅུང་གཏན་འཇགས་ཡིན་ལ། གྲུ་བ་ཚང་མ་བདེ་འཇགས་ཡིན། གྲུ་གཟིངས་དེ་དབྱི་ལིང་གི་མངའ་ཁོངས་སུ་ཡོང་བཞིན་ཡོད་པ་དང་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།