ཀྲུང་གོ་བོད་ཀྱི་དྲ་བ།

ལུའུ་ཁཱ་ཧྲིན་ཁི་ཡིས་ཡོ་རོབ་གླིང་རྒྱལ་ཁབ་ཀྱིས་ཧུར་ཐག་སྒོས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་པར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཚེས་བརྒྱད་ཉིན་བསྟན་དོན། ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་ཝུའུ་ཁི་ལན་གྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ནས་འཐབ་འཁྲུག་མུ་མཐུད་དུ་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་ཟེར། 

ལུའུ་ཁཱ་ཧྲིན་ཁི་ཡིས་ཉིན་དེར་མེན་སི་ཁི་ནས་སྤེལ་བའི་ཡོ་རོབ་གླིང་གི་བདེ་འཇགས་ལ་གྲོས་བསྡུར་བྱེད་པའི་མེན་སི་ཁིའི་གྲོས་མོལ་གླེང་སྟེགས་སྟེང་བསྟན་དོན། མིག་སྔར་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད་ཀྱང་། མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་བཟང་བོ་སྔར་བཞིན་ཐོབ་མེད་པས། འབྲེལ་ཡོད་ཕྱོགས་ཀྱིས་མུ་མཐུད་དུ་ཐག་གཅོད་འཕེལ་རིམ་དེར་སྐུལ་འདེད་གཏོང་དགོས་ཟེར། ཁོས་བསྟན་དོན། ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་གནད་དོན་ཐག་གཅོད་བྱེད་པར་འགན་འཁྲི་མང་དུ་ཁུར་དགོས་ཟེར། 

ལུའུ་ཁཱ་ཧྲིན་ཁི་ཡིས་བཤད་རྒྱུར། ཨུ་རུ་སི་དཀར་པོས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་པཱ་སི་ས་ཁུལ་གྱི་འཁྲུག་རྩོད་ཀྱི་མཇུག་འབྲས་ངན་པ་ཐད་ཀར་དུ་མྱོང་བཞིན་ཡོད། འཁྲུག་རྩོད་བྱུང་རྗེས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་ས་ཁུལ་ནས་ཨུ་རུ་སི་དཀར་པོའི་མངའ་ཁོངས་སུ་མི་འབུམ་གཅིག་དང་ཁྲི་དྲུག་ཡོང་ཡོད། དེ་ལས་གཞན་མཚོན་ཆ་མང་བོ་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་ས་ཁུལ་ནས་ཨུ་རུ་སིའི་མངའ་ཁོངས་སུ་ཁྱེར་ཡོང་ཡོད་པས་ཨུ་རུ་སི་དཀར་པོས་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།