ཀྲུང་གོ་བོད་ཀྱི་དྲ་བ།

ཁུའུ་ཨར་ཚི་ལ་དབང་ཆ་ཐོབ་པ་ལྟར་ཨོ་སི་ཁྲུ་རི་ཡཱའི་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨོ་སི་ཁྲུ་རི་ཡཱའི་ཙུང་ཐུང་ཧྥན་ཏི་པེ་ལོན་གྱིས་ཚེས་བདུན་ཉིན་སྔོན་ཆད་ཀྱི་ཙུང་ལི། མི་དམངས་ཏང་གི་མགོ་ཁྲིད་པ་ཁུའུ་ཨར་ཚི་ལ་ནེ་ཀི་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ་བ་དང་། ཁུའུ་ཨར་ཚི་ཡིས་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་རྒྱུ་རེད། 

ཉིན་དེའི་སྔ་དྲོར། ཧྥན་ཏི་པེ་ལོན་གྱིས་ཙུང་ཐུང་བཞུགས་ཤག་ནས་ཁུའུ་ཨར་ཚི་དང་གྲོས་མོལ་བྱས་རྗེས། ཁོར་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་དབང་ཆ་བསྩལ་བ་ཁྱབ་སྒྲོག་བྱས། ཧྥན་ཏི་པེ་ལོན་གྱིས་ད་རུང་སྲིད་ཏང་སོ་སོས་རྒྱལ་ཁབ་ཀྱི་ཕན་བདེ་དེ་ཏང་ཁག་སོ་སོའི་ཁེ་ཕན་གྱི་ཡང་སྟེང་དུ་བཞག་སྟེ། ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ནེ་ཀིའི་རྩ་འཛུགས་ལ་གྲོས་མོལ་བྱེད་དགོས་པའི་རེ་བ་བཏོན། 

ཁུའུ་ཨར་ཚི་ཡིས་དེའི་རྗེས་སུ་གཏམ་བཤད་སྤེལ་ཏེ། མི་དམངས་ཏང་གིས་གཟའ་འཁོར་འདི་ནས་བཟུང་སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་དུ་ཚུད་པའི་སྲིད་ཏང་སོ་སོའི་བར་དངོས་གཞིའི་གྲོས་མོལ་སྤེལ་རྒྱུ་ཡིན་པ་དང་། མ་འོངས་པར་གཏན་འཇགས་དང་འགུལ་སྐྱོད་ནུས་པ་ལྡན་པའི་སྲིད་འཛིན་མནའ་འབྲེལ་ཞིག་རྩ་འཛུགས་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། སྲིད་གཞུང་གསར་བའི་མདུན་དུ་ལྷགས་པའི་འགྲན་རྩོད་གཙོ་བོ་ནི་ཉམས་རྒུད་དུ་འགྲོ་བའི་དཔལ་འབྱོར་གནས་བབ་ཡིན་པ་དང་། དེ་ལས་གཞན་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་དང་བཅོས་བསྒྱུར་བྱེད་ཐབས་གཞན་པ། ཁྲིམས་འགལ་གནས་སྤོར་སྡོད་དམངས་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་སོགས་གནད་དོན་ལ་སྐུལ་འདེད་གཏོང་དགོས་ཟེར།།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།