ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་ལྡན་གྱི་རྣམ་པར་འགྱུར་བར་རེ་བ་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་གཉིས་ཉིན་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་དེ་ཡང་བསྐྱར་རྒྱུན་ལྡན་གྱི་རྣམ་པར་འགྱུར་བར་རེ་བས་ཁེངས་ཡོད་ཟེར། 

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་མའོ་སི་ཁི་ནས་ཨུ་རུ་སིའི་ནུས་ཁུངས་གཟའ་འཁོར་གྱི་ཚང་འཛོམས་གྲོས་ཚོགས་སྐབས་གསུམ་པར་ཞུགས་སྐབས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་བསྐྱར་སླར་གསོ་འབྱུང་བར་རེ་བས་ཁེངས་ཡོད་ཀྱང་། མིག་སྔར་བལྟས་ན་གནས་ཚུལ་དེ་འདྲ་འབྱུང་མི་སྲིད་ཟེར། 

ཁོས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བ་སླར་གསོ་བྱེད་པའི་ལངས་ཕྱོགས་འགྱུར་མེད་ལ། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེར་དགའ་བསུ་བྱེད་བཞིན་ཡོད་པར་མ་ཟད་བེད་སྤྱོད་བྱས་ཆོག་པའི་གོ་སྐབས་གང་རུང་བེད་སྤྱད་ནས་འབྲེལ་ཡོད་འཆར་གཞི་དངོས་འབེབ་བྱེད་རྒྱུ་ཡིན་ཟེར། 

ཐི་ལིང་ཕུའུ་བར་གྱི་འབྲེལ་བ་གླེང་སྐབས་ཕུའུ་ཅིན་གྱིས་བསྟན་དོན། ཁོ་དང་ཐི་ལིང་ཕུའུ་བར་དུ་སྒེར་གྱི་འབྲེལ་བ་ཛ་དྲག་ཡིན་པའི་སྣང་ཚུལ་ཅི་ཡང་མེད་པ་དང་། ཁོ་གཉིས་ཀྱི་འབྲེལ་བ་དེ་དངོས་གཉེར་བཟང་བོ་ཡིན་ལ། ཕན་ཚུན་ཡིད་ཆེས་བྱེད་ཀྱང་། འབྲེལ་བ་དེས་ཨ་མེ་རི་ཁའི་རྒྱལ་ནང་གི་ཆབ་སྲིད་རྩོད་གླེང་ལ་ཤུགས་རྐྱེན་ཅི་ཡང་ཐེབས་མི་སྲིད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།