ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་མཱ་ལུའུ་ཀུའུ་ཞིང་ཆེན་དུ་ས་འགུལ་བྱུང་བ་ལས་མི་སོ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་འགོག་ལས་དོན་ཁང་གིས་ཟླ་དགུ་བའི་ཚེས་སུམ་ཅུའི་ཉིན་བསྒྲགས་པ་ལྟར་ན། ཧིན་རྡུ་ཉི་ཞི་ཡཱའི་མཱ་ལུའུ་ཀུའུ་ཞིང་ཆེན་ནས་ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན་བྱུང་བའི་ཚད་རིམ་དྲུག་དང་གྲངས་ཆུང་ལྔའི་ས་འགུལ་ལས་མི་སོ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་དོན་དགུར་རྨས་ཕོག་ཟེར། 

ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་ཁབ་གནོད་འགོག་ལས་དོན་ཁང་གི་མགྲིན་ཚབ་པ་ཚབ་མ་ཨ་ཀུའུ་སི-ཝེ་པའོ་བོ་ཡིས་གསལ་སྒྲོག་སྤེལ་ཏེ། ཟླ་དགུ་བའི་ཚེས་སུམ་ཅུའི་ཉིན་བར། མི་འབུམ་གཅིག་དང་ཁྲི་གསུམ་སྟོང་དྲུག་ལྷག་ས་འགུལ་དབང་གིས་གནས་སྐབས་ཀྱི་ཉེན་ཡོལ་བྱེད་སར་ཕྱིར་འཐེན་བྱས་ཡོད་ཅིང་། སྡོད་ཁང་སྟོང་གཉིས་དང་དྲུག་བརྒྱ་ལྷག་དང་། དེ་མིན་ཟམ་པ་དང་སྨན་ཁང་། སློབ་གྲྭའི་མལ་ཁང་སོགས་རེ་འགར་ཚད་མི་འདྲ་བའི་གཏོར་བརླག་ཐེབས་ཡོད། 

ཁོས་ད་རུང་བཤད་རྒྱུར། མཱ་ལུའུ་ཀུའུ་ཞིང་ཆེན་གྱིས་ཡུན་ཚད་གཟའ་འཁོར་གཉིས་རིང་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་སྒྲོག་བྱས། མཱ་ལུའུ་ཀུའུ་དབུས་མ་རྫོང་དང་ཨན་ཝུན་གྲོང་ཁྱེར་ནི་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ས་ཁུལ་ཡིན་ལ། ཟླ་དགུ་བའི་ཚེས་སུམ་ཅུའི་ཉིན་བར་སོ་སོར་མི་བཅུ་བཞི་དང་མི་བཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ཨ་ཀུའུ་སི-ཝེ་པའོ་བོ་ཡིས་བཤད་རྒྱུར། མཱ་ལུའུ་ཀུའུ་ཞིང་ཆེན་སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་དང་། དམག་དོན་ཉེན་རྟོག་དང་ས་གནས་ཀྱི་གནོད་འགོག་ལས་དོན་ཁང་། དང་བླངས་པ་སོགས་ཞུགས་པའི་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། རྒུད་སྐྱོབ་དངོས་རྫས་དག་གནོད་ཐེབས་ས་ཁུལ་དུ་བསྐྱལ་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།