ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གིས་སི་རི་ཡཱའི་བར་གྱི་ལམ་ཁ་བསྐྱར་འབྱེད་བྱས་པ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་ལེགས་སུ་སོང་བ་མཚོན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་རག་གི་ཙུང་ལི་ཨ་པུའུ་ཏུའུ་ལེ-མེད་ཧི་ཏིས་ཀྱིས་སི་རི་ཡཱའི་བར་གྱི་མཐའ་མཚམས་ལམ་ཁ་གཙོ་བོ་བསྐྱར་འབྱེད་བྱེད་པར་ཆོག་མཆན་བཀོད་པ་དང་། དེ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་ལེགས་སུ་སོང་བ་མཚོན་ཡོད་ཟེར། 

དབྱི་རག་འཕྲིན་གཏོང་ཁང་དང་སུའུ་མཱ་ལི་བརྙན་འཕྲིན་ཁང་གིས་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་དབྱི་རག་གི་མཐའ་སྲུང་དཔོན་པོའི་སྐད་ཆ་དྲངས་ཏེ་བསྟན་དོན། ཨ་པུའུ་ཏུའུ་ལེ-མེད་ཧི་ཏིས་ཀྱིས་ཟླ་འདིའི་ཚེས་སུམ་ཅུའི་ཉིན་ཅཱ་དབྱེ་མུའུ་ལམ་ཁ་བསྐྱར་འབྱེད་བྱས་ཏེ། མི་སྣ་དང་ཉོ་ཚོང་གི་འགྲོ་འོང་ལ་སྟབས་བདེ་བཟོ་བར་ཡིད་འཐད་བྱུང་། ཅཱ་དབྱེ་མུའུ་ལམ་ཁ་ནི་སི་རི་ཡཱའི་ཕྱོགས་ནས་ཨ་པུའུ་ཁཱ་མེད་ལེ་ལམ་ཁ་ཞེས་སུ་འབོད་པ་དང་། དབྱི་རག་ཕྱོགས་ཀྱིས་དེའི་སྔོན་སྲིད་གཞུང་དང་དམག་དཔུང་ལ་མ་གཏོགས་སྒོ་འབྱེད་བྱས་མེད། 

ཅཱ་དབྱེ་མུའུ་ནི་དབྱི་རག་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་དུ་གནས་པ་དང་། རྒྱལ་ས་པཱ་ཀ་ཏཱའི་བར་སྤྱི་ལེ་སུམ་བརྒྱ་ཙམ་ཡོད། མཐའ་མཚམས་དེའི་ཕ་རོལ་ནི་སི་རི་ཡཱའི་མཐའ་མཚམས་གྲོང་ཁྱེར་ཨ་པུའུ་ཁཱ་མེད་ལེ་རེད། ས་ཁོངས་དེ་ནི་སྔོན་ཆད་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སི་རི་ཡཱ་དང་དབྱི་རག་གི་ཆེས་མཇུག་མཐའི་སྦས་སྐོང་བྱེད་ས་ཡིན་པ་དང་། ཉིས་སྟོང་བཅུ་བདུན་ལོར་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དམག་དཔུང་གིས་ཡོངས་སུ་དབང་འོག་ཏུ་བསྡུས་པ་རེད། 

མཐའ་མཚམས་ཀྱི་གྲོང་ཁྱེར་དེ་གཉིས་ཀྱི་འཐབ་ཇུས་གོ་གནས་གལ་ཆེན་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་རྒྱལ་ས་གཅིག་ཏུ་སྦྲེལ་བའི་སྐམ་སའི་རྒྱུ་ལམ་ཉག་ཅིག་ཡིན་པ་རེད། 

སི་རི་ཡཱ་དང་དབྱི་རག་གིས་མཐའ་མཚམས་ཀྱི་ལམ་ཁ་གཞན་པ་གཉིས་ད་ལྟ་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་དང་ཨ་མེ་རི་ཁའི་དམག་དཔུང་གིས་ཚོད་འཛིན་བྱས་ཡོད་པ་རེད། 

ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། སི་རི་ཡཱ་དང་ཁྱིམ་མཚེས་རྒྱལ་ཁབ་ལེ་པཱ་ནུན་དང་དབྱི་སི་རལ། ཅོར་ཏན། དབྱི་རག ཐུར་ཁེ་བཅས་ཀྱི་མཐའ་མཚམས་ས་ཁུལ་དུ་ལམ་ཁ་བཅུ་དགུ་ཡོད་པ་དང་། དེའི་ནང་མང་ཆེ་བ་སི་རི་ཡཱའི་སྲིད་གཞུང་གིས་ཚོད་འཛིན་འོག་ཏུ་མེད་ཟེར། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།