ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2019-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ཉིན་དེའི་སྔ་དྲོའི་དུས་ཚོད་བདུན་སྟེང་དངོས་སུ་སྤེལ་མགོ་བརྩམས་པ་དང་། ཕྱི་དྲོའི་དུས་ཚོད་གསུམ་སྟེང་བྱ་འགུལ་མཇུག་སྒྲིལ། 

ཐེངས་འདིའི་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་ནི་ཉིས་སྟོང་གཅིག་ལོར་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་དུ་བཙན་འཛུལ་བྱས་ཏེ་ཐཱ་ལེ་པན་སྲིད་དབང་རྩ་རྫོགས་བྱས་པའི་ཚུན་ལ། ཨ་ཧྥུའུ་ཧན་གྱིས་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ཐེངས་བཞི་བ་རེད། འདེམ་སྒུག་མི་སྣ་བཅོ་བརྒྱད་ཀྱིས་ཐོ་འགོད་བྱས་ཏེ་ཐེངས་འདིའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ནང་ཞུགས་ཡོད། དེའི་ནང་ད་ལྟའི་ཙུང་ཐུང་ཅཱ་ནེ་དང་ད་ལྟའི་སྲིད་གཞུང་གི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུའུ་ཏུའུ་ལཱའང་འདུས་ཡོད། ཡིན་ཡང་འདེམ་ཤོག་མ་འཕངས་གོང་འདེམ་སྒུག་མི་སྣ་གསུམ་འགྲན་རྩོད་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས། 

བདེ་འཇགས་ནི་སྔར་བཞིན་ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་གྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཆེན་པོ་ཞིག་ཡིན་པ་རེད། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་རྒྱལ་ཡོངས་ཀྱི་འདེམ་ཤོག་འཕེན་ས་སྟོང་ལྔ་དང་སུམ་བརྒྱ་དོན་གསུམ་གྱི་སྟོང་བཞི་དང་དགུ་བརྒྱ་ཞེ་གཉིས་ལ་བདེ་འཇགས་འགན་སྲུང་བྱས། དེའི་ནང་འདེམ་ཤོག་འཕེན་ས་བཞི་བརྒྱ་དང་སོ་གསུམ་མཐའ་འཁོབ་ཀྱི་ཡུལ་དུ་ཡོད་པ་རེད། བདེ་འཇགས་འཇིགས་ཉེན་དབང་གིས་འདེམ་ཤོག་འཕེན་པའི་ཉིན་དེར་སྒོ་འབྱེད་བྱས་མེད། 

ཨ་ཧྥུའུ་ཧན་རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་འདེམ་དམངས་ས་ཡ་དགུ་དང་འབུམ་བཞི་ལྷག་ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལ་ཞུགས་པ་དང་། དེའི་ནང་བརྒྱ་ཆའི་སོ་ལྔ་ནི་བུད་མེད་རེད། བསྡོམས་པས་ལྟ་ཞིབ་པ་ཁྲི་བདུན་དང་སྟོང་བདུན་ལྷག་གིས་ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ལ་ལྟ་རྟོག་བྱེད་པའི་འགན་ཁུར་ཡོད་ཅིང་། ལྟ་ཞིབ་པ་དེ་དག་ནི་ཨ་ཧྥུའུ་ཧན་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་དང་འདེམ་བསྐོའི་ཞུ་གཏུག་ཨུ་ཡོན་ལྷན་ཁང་། དེ་མིན་འདེམ་བསྐོར་ཞུགས་པའི་སྲིད་ཏང་སོ་སོ་དང་འདེམ་སྒུག་མི་སྣའི་འགྲན་རྩོད་ཚོགས་ཁག་བཅས་ནས་ཡོང་བ་རེད། 

རྒྱུས་ལོན་བྱུང་བ་ལྟར་ན། སྐོར་ཐེངས་དང་པོའི་འདེམ་ཤོག་གི་ཐོག་མའི་བསྡོམས་རྩིས་མཇུག་འབྲས་དེ་ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་དང་། གལ་ཏེ་འདེམ་སྒུག་མི་སྣའི་ཁྲོད་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་སྐབས་ཕྱེད་ཀའི་ཡན་གྱི་འདེམ་ཤོག་ཐོབ་མཁན་མེད་ན། ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།