ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཐི་ལིང་ཕུའུ་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་གི་ཁ་པར་གྲོས་མོལ་གྱི་ནང་དོན་ཞིག་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མི་ལ་ལས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཁ་པར་གྲོས་མོལ་ལས་ཕྱི་རྒྱལ་གྱི་སྟོབས་ཤུགས་བཙལ་ནས་ཆབ་སྲིད་ཐད་ཀྱི་འགྲན་ཡར་རྟོག་ཞིབ་བྱེད་དུ་བཅུག་པའི་དོགས་གཞི་ཡོད་པར་ཞུ་གཏུག་བྱས་པས། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གིས་ཚེས་ཉེར་བཞིའི་ཉིན་ཐི་ལིང་ཕུའུ་ལ་དཔྱད་ཞིབ་བྱེད་མགོ་བརྩམས། གླེང་ཕྱོགས་ཀྱི་གནོན་ཤུགས་འོག་ཏུ། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་ཉེར་ལྔ་ཉིན་ཐི་ལིང་ཕུའུ་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་གཉིས་ཀྱི་ད་ལོའི་ཟླ་བདུན་པའི་ཁ་པར་གྲོས་མོལ་གྱི་ཟིན་ཐོ་ཞིག་ཁྱབ་སྒྲོག་བྱས། 

ཟིན་ཐོ་ལས་མངོན་པ་ལྟར་ན། ཐེངས་འདིའི་ཁ་པར་གྲོས་མོལ་ནི་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་སྤེལ་བ་དང་། ཡུན་ཚད་སྐར་མ་སུམ་ཅུ་ཙམ་རེད། ཐི་ལིང་ཕུའུ་ཡིས་ཁ་པར་བརྒྱུད་དེ་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་གཞོན་པ། དམངས་གཙོ་ཏང་གི་ཙུང་ཐུང་འདེམ་སྒུག་མི་སྣ་པེད་ཏིན་གྱིས་ཝུའུ་ཁི་ལན་གྱི་ཁྲིམས་འཛིན་ལ་ཐེ་གཏོགས་བྱས་ཏེ། ཝུའུ་ཁི་ལན་ཞིབ་དཔྱོད་ཁང་གིས་པེད་ཏིན་གྱི་བུ་ཧིན་ཐི་ལ་རྟོག་ཞིབ་བྱེད་པའི་བྱ་བ་མཇུག་སྒྲིལ་དུ་བཅུག་པར་བཤད། ཐི་ལིང་ཕུའུ་ཡིས་ཝུའུ་ཁི་ལན་ཕྱོགས་ཀྱིས་དོན་དེར་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། རང་ཉིད་ཀྱི་མི་སྒེར་ཁྲིམས་རྩོད་པ་དང་ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ཀྲང་ཡིས་ཙེ་ལེན་སི་ཅི་ལ་འབྲེལ་གཏུག་བྱེད་དུ་འཇུག་རྒྱུའི་ཚུལ་བསྟན། ཙེ་ལེན་སི་ཅི་ཡིས་བསྟན་དོན། ཁོས་ཝུའུ་ཁི་ལན་གྱི་གསར་དུ་འགན་ཁུར་བའི་ཞིབ་དཔྱོད་ཁང་གི་དཔོན་པོས་འབྲེལ་ཡོད་གནས་ཚུལ་ལ་རྟོག་ཞིབ་བྱེད་དུ་འཇུག་ངེས་ཡིན་ཟེར། 

ཁ་པར་གཏོང་སྐབས་ཐི་ལིང་ཕུའུ་ཡིས་ཙེ་ལེན་སི་ཅི་ལ་ཝུའུ་ཁི་ལན་གྱི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས། ཁོ་གཉིས་ཀྱིས་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་འབྲེལ་བར་གྲོས་བསྡུར་བྱས་པ་དང་། ཞོར་དུ་ཡོ་རོབ་གླིང་གི་རྒྱལ་ཁབ་རེ་འགས་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་ཆེན་པོ་མ་བྱས་པར་སྐྱོན་བརྗོད་བྱས། ཐི་ལིང་ཕུའུ་ཡིས་ཝུའུ་ཁི་ལན་གྱི་དཔལ་འབྱོར་གནས་ཚུལ་གླེང་ཡང་ཝུའུ་ཁི་ལན་ལ་དམག་དོན་རོགས་སྐྱོར་བྱེད་པའི་གནས་ཚུལ་ཐད་ཀར་དུ་གླེང་མེད། 

ཐི་ལིང་ཕུའུ་ཡིས་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་ཉིག་ཡོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་ཞུགས་པར་ཡོང་བའི་ཙེ་ལེན་སི་ཅི་དང་ཐུག་འཕྲད་བྱས། ཐི་ལིང་ཕུའུ་ཡིས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཁོས་ཁ་པར་གཏོང་སྐབས་ཝུའུ་ཁི་ལན་ལ་གནོན་ཤུགས་བྱིན་མེད་པ་དང་། རྒྱལ་ཚོགས་ཀྱི་དཔྱད་ཞིབ་ནི་ཆབ་སྲིད་ཀྱི་གནོད་པ་ཙམ་ཡིན་ཟེར། ཙེ་ལེན་སི་ཅི་ཡིས་བསྟན་དོན། ཁོས་ཨ་མེ་རི་ཁའི་འདེམ་བསྐོའི་བྱ་འགུལ་ལ་ཁ་ཡ་བྱེད་འདོད་མེད་པ་དང་། རང་ཉིད་ལ་གནོན་ཤུགས་སྟེར་མཁན་ཡང་མེད། ཝུའུ་ཁི་ལན་ནི་སྒེར་ཚུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཟེར། 

ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་དཔོན་ཕའེ་ལོ་ཞི་ཡིས་ཚེས་ཉེར་ལྔ་ཉིན་བསྟན་དོན། ཐི་ལིང་ཕུའུ་ཡིས་ཕྱི་རྒྱལ་གྱི་སྲིད་གཞུང་གིས་རང་གི་ཆབ་སྲིད་བྱ་འགུལ་ལ་རོགས་རམ་བྱེད་པའི་རེ་བ་བཏོན་པ་དེ་ཙུང་ཐུང་གི་རྩ་ཁྲིམས་འགན་འཁྲི་དང་འགལ་ཡོད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་བཟོས་པར་མ་ཟད། ཨ་མེ་རི་ཁའི་འདེམ་བསྐོའི་ཡིད་ཆེས་ལའང་གཏོར་བརླག་བཏང་ཡོད་ཟེར། ཁོ་མོས་བསྟན་དོན། ཐི་ལིང་ཕུའུ་ཡིས་བཅའ་ཁྲིམས་སྣང་མེད་དུ་བསྐྱུར་ནས་གང་འདོད་འདོད་བྱེད་མི་རུང་བ་དང་། རྒྱལ་ཚོགས་ཀྱིས་ཁོའི་འགན་འཁྲི་རྩད་གཅོད་བྱེད་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།