ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ནས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་རྒྱུ་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་འབྲེལ་བའི་ཕྱོགས་ཁག་གི་ཕྱི་འབྲེལ་བློན་ཆེན་དག་གིས་ཚེས་ཉེར་ལྔ་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། མུ་མཐུད་དུ་ཉིས་སྟོང་བཅོ་ལྔ་ལོར་བཀོད་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་པར་འབད་འབུངས་བྱེད་རྒྱུ་བསྐྱར་སྒྲོག་བྱས། 

གྲོས་ཚོགས་ལ་མགོ་འཛིན་བྱེད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མའོ་ཀའེ་ལི་ནེ་ཡིས་གསར་འགྱུར་ལས་རིགས་ལ་མཉམ་འབྲེལ་གསལ་སྒྲོག་དེ་སྒྲོག་འདོན་བྱས། གསལ་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་བལྟས་ན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་གསུམ་གཅིག་གི་ཆོག་མཆན་ཐོབ་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནི་སྔར་བཞིན་འཛམ་གླིང་ཡོངས་ཀྱི་ཉིང་རྡུལ་ནུས་པ་རྒྱ་ཡན་དུ་མི་གཏོང་བའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཕྱོགས་མང་བོའི་ཕྱི་འབྲེལ་གྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པར་འདོད། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དེ་ལག་བསྟར་གང་ལེགས་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། མུ་མཐུད་དུ་གྲོས་མཐུན་དེར་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བསྐྱར་སྒྲོག་བྱས་ལ། དེ་ནི་ཕྱོགས་སོ་སོའི་ཁེ་ཕན་དང་འཚམ་པར་འདོད། 

མའོ་ཀའེ་ལི་ནེ་ཡིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དེ་ལག་བསྟར་བྱེད་པར་དཀའ་ཁག་སྔར་ལས་ཆེ་བ་ཁས་ལེན་བྱས་ཀྱང་། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་མིག་སྔའི་དཀའ་ཁག་ཁྱད་དུ་བསལ་ནས་ཧུར་ཐག་སྒོས་གྲོས་མཐུན་དེར་སྲུང་སྐྱོབ་བྱེད་རྒྱུའི་ཚུལ་བསྟན། 

མའོ་ཀའེ་ལི་ནེ་ཡིས་དབྱི་ལིང་ཡང་བསྐྱར་གྲོས་མཐུན་ལག་བསྟར་བྱེད་པའི་ལམ་དུ་ཞུགས་དགོས་པའི་འབོད་སྐུལ་བཏང་། ཁོ་མོས་བཤད་རྒྱུར། ད་ལྟའི་བར་དུ། དབྱི་ལིང་གིས་སྤྱད་པའི་གྲོས་མཐུན་གྱི་ཚད་བཀག་ལས་བརྒལ་བའི་བྱེད་ཐབས་ཡོད་ཚད་ལུགས་མཐུན་མིན་ཟེར། ཁོ་མོས་དབྱི་ལིང་གིས་གྲོས་མཐུན་གྱི་ཚད་བཀག་ལས་བརྒལ་བའི་བྱེད་ཐབས་དེ་དག་བསྐྱུར་ནས། གྲོས་མཐུན་བརྩི་སྲུང་བྱེད་པའི་ལམ་དུ་ཞུགས་དགོས་ཟེར། མའོ་ཀའེ་ལི་ནེ་ཡིས་བཤད་རྒྱུར། དེ་ནི་ཕྱོགས་ཁག་སོ་སོའི་བདེ་འཇགས་ཁེ་ཕན་དང་འཚམ་པར་མ་ཟད། དབྱི་ལིང་གི་དཔལ་འབྱོར་ཁེ་ཕན་དང་ཡང་འཚམ་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།