ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བའི་སྤྱིར་བཏང་རང་བཞིན་གྱི་དཔྱད་གླེང་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ9བའི་ཚེས24ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་དཔྱད་གླེང་མགོ་རྩོམ་པའི་གཏམ་བཤད་སྤེལ། 

2.jpg

འདི་ནི་ཟླ9བའི་ཚེས24ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་བླངས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བའི་སྤྱིར་བཏང་རང་བཞིན་གྱི་དཔྱད་གླེང་ཚོགས་འདུ་མགོ་རྩོམ་པའི་ཡུལ་དངོས་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བའི་སྤྱིར་བཏང་རང་བཞིན་གྱི་དཔྱད་གླེང་ཚོགས་འདུ་ཚེས་ཉེར་བཞིའི་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་སྤེལ་མགོ་བརྩམས། རྒྱལ་ཁབ་ཀྱི་མགོ་གཙོ་དང་མཐོ་རིམ་འཐུས་མི་བརྒྱ་ལྷག་གིས་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་འཇིགས་ཉེན་ཆེན་པོ་དང་འགྲན་རྩོད་ཐག་གཅོད་བྱེད་པའི་ཐབས་ཇུས་ལ་གྲོས་བསྡུར་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་འབུལ་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་ལས་མི་གཞི་རྩར་བཟུང་བའི་དགོངས་དོན་གསལ་བོར་གླེང་བ་དང་། མང་ཚོགས་ཀྱི་ཁེ་ཕན་དེ་བྱ་བ་ཡོད་ཚད་ཀྱི་སྙིང་བོར་བྱེད་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་སེམས་ཁུར་དང་རེ་འདུན་ཡིད་ལ་དམ་པོར་བཅངས་དགོས་པ་ནན་བཤད་བྱས། 

ཀུའུ་ཐི་ལོས་སི་ཡིས་ང་ཚོས་ད་ལྟ་ཟང་ཟིང་གི་འཇིག་རྟེན་ཞིག་ཏུ་འཚོ་བ་རོལ་བཞིན་ཡོད་ཟེར། ཡེ་མིན་དང་ལི་པུ་ཡཱ། ཨ་ཧྥུའུ་ཧན་སོགས་རྒྱལ་ཁབ་ཀྱི་འཁྲུག་རྩོད་གནད་དོན་ལ་འགོར་འགྱངས་བྱེད་མི་རུང་བ་དང་། ཕྱོགས་གཅིག་གི་འགུལ་སྐྱོད་མང་བོ་ལས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དེས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཁྲོད་ནུས་པ་འདོན་སྤེལ་བྱེད་ཐབས་མེད་པར་གྱུར་བ་དང་། ཝེ་ནེ་ཙུའེ་ལཱའི་མི་ཆོས་གནས་བབ་ཛ་དྲག་ཡིན། མཚོ་ཁུགས་ས་ཁུལ་གྱི་དྲག་ཆས་འཁྲུག་རྩོད་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་སྲིད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ལས་དོན་དེ་འགྲན་རྩོད་མང་བོར་འཕྲད་ཡོད་པས། ཁོས་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འཇིགས་ཉེན་དང་འགྲན་རྩོད་ལ་དོ་སྣང་དང་སེམས་ཁུར་བྱེད་བཞིན་ཡོད་ཟེར། 

དེ་ལས་གཞན་ཀུའུ་ཐི་ལོས་སི་ཡིས་ད་རུང་འགྲོ་མིའི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ། ནམ་ཟླའི་འགྱུར་ལྡོག གནས་སྤོར་སྡོད་དམངས་དང་ཡུལ་གྱར་བ། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ། རྒྱལ་ཁབ་ཀྱི་ཡིད་ཆེས་ཀྱི་མ་མཐའི་ཚད་ཐིག རྒྱལ་སྤྱིའི་བཅའ་ཁྲིམས་རྡོག་བརྫིས་ཐེབས་པའི་གནད་དོན། འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས། འཁོན་འཛིན་གྱི་གཏམ་བརྗོད་འུར་ཆེན་གྱིས་སྒྲོག་པ། ཆོས་ལུགས་བྱ་འགུལ་ལ་སྲུང་སྐྱོབ་བྱེད་པ། སྣ་མང་ཅན་ལ་སྐུལ་འདེད་གཏོང་བ་སོགས་གནད་དོན་གླེང་། ཁོས་ཞོར་དུ་སུའུ་ཏན་དང་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་སོ་སོར་གྲོས་མོལ་ལ་བརྟེན་ནས་ཞི་བདེའི་འོད་སྣང་བསུས་པ་དང་། ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པར་དཀའ་སྡུག་གི་གྲུབ་འབྲས་ཐོབ་པར་ཡིད་སྤྲོ་བའི་ཚུལ་བསྟན།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།