ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལེ་པེན་གྱིས་དབྱིན་ཇི་སོགས་རྒྱལ་ཁབ་བཅོ་བརྒྱད་ཀྱི་སྲིད་གཞུང་བར་གྱི་དངུལ་བུན་དང་རོགས་སྐྱོར་གྲོས་མོལ་མཚམས་བཞག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥེ་ལེ་པེན་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་གསུམ་ཉིན་ཁས་ལེན་བྱས་དོན། ཧྥེ་ལེ་པེན་དཔོན་ཕྱོགས་ཀྱིས་ཉེ་སྔོན་དབྱིན་ཇི་སོགས་རྒྱལ་ཁབ་བཅོ་བརྒྱད་ཀྱི་སྲིད་གཞུང་བར་གྱི་དངུལ་བུན་དང་རོགས་སྐྱོར་གྲོས་མོལ་མཚམས་བཞག་སྟེ། རྒྱལ་ཁབ་དེ་དག་གིས་དེའི་སྔོན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་འདེམ་ཤོག་འཕངས་ཏེ་ཧྥེ་ལེ་པེན་གྱིས་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ལ་དམིགས་པའི་འགྲོ་མིའི་ཐོབ་ཐང་གི་རྟོག་ཞིབ་འཆར་ཟིན་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་པར་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར། 

ཧྥེ་ལེ་པེན་གྱི་ཙུང་ཐུང་གི་མགྲིན་ཚབ་པ་ཕཱ་ནེ་ལོ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་ད་ལོའི་ཟླ་བརྒྱད་པར་ཧྥེ་ལེ་པེན་སྲིད་གཞུང་གི་ལག་བསྟར་པུའུ་ཀྲང་མེ་ཏིས་ཡཱ་ཨར་ཏི་ཡཱ་ཡིས་ནང་ཁུལ་གྱི་བཟོད་སྒོམ་བརྗེད་ཐོ་ཞིག་འགོད་དགོས་པའི་བཀའ་རྒྱ་བཏང་། བཟོད་སྒོམ་བརྗེད་ཐོ་ལྟར་ན། ད་ལོའི་ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནས་རྒྱལ་ཁབ་བཅོ་བརྒྱད་ཀྱིས་འདེམ་ཤོག་འཕངས་ནས་ཧྥེ་ལེ་པེན་གྱིས་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ལ་དམིགས་པའི་འགྲོ་མིའི་ཐོབ་ཐང་གི་རྟོག་ཞིབ་འཆར་ཟིན་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། ཧྥེ་ལེ་པེན་སྲིད་གཞུང་གིས་དོན་དེར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད། དེའི་ཞོར་དུ་ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན་ནས་བཟུང་རྒྱལ་ཁབ་བཅོ་བརྒྱད་པོ་དེ་དག་བར་དུ་སྤེལ་བཞིན་པའི་གསར་སྣོན་བྱས་པའི་སྲིད་གཞུང་བར་གྱི་དངུལ་བུན་དང་རོགས་སྐྱོར་གྲོས་མོལ་ཡོད་ཚད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་ཡོད། 

ཕཱ་ནེ་ལོ་ཡིས་བསྟན་དོན། བྱེད་ཐབས་དེའི་དམིགས་ཡུལ་ནི་ཧྥེ་ལེ་པེན་སྲིད་གཞུང་གིས་རྒྱལ་ཁབ་བཅོ་བརྒྱད་ཀྱི་བྱ་སྤྱོད་ལ་ཡིད་འཐད་མིན་པའི་ཚུལ་སྟོན་པའི་ཆེད་ཡིན་ལ། རྒྱལ་ཁབ་དེ་དག་གིས་ཧྥེ་ལེ་པེན་གྱིས་དུག་རྫས་ལྐོག་འཚོང་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ཁྲོད་འགྲོ་མིའི་ཐོབ་ཐང་དང་འགལ་བའི་སྣང་ཚུལ་ཡོད་པ་དང་ཧྥེ་ལེ་པེན་སྲིད་གཞུང་ལ་ཐག་གཅོད་ནུས་པ་མེད་པ་སོགས་ཀྱི་འབྲེལ་ཡོད་སྐྱོན་འཛུགས་དེ་དོན་དངོས་དང་མི་འཚམ་ཟེར། ཕཱ་ནེ་ལོ་ཡིས་ད་རུང་བསྟན་དོན། བྱེད་ཐབས་དེས་ཧྥེ་ལེ་པེན་གྱི་དཔལ་འབྱོར་ཐད་ཤུགས་རྐྱེན་མི་སྲིད་ལ། རྒྱུ་མཚན་ནི་རྒྱལ་ཁབ་བཅོ་བརྒྱད་པོའི་ཁྲོད་མིག་སྔར་དབྱིན་ཇི་གཅིག་པུས་མ་གཏོགས་ཧྥེ་ལེ་པེན་བར་སྲིད་གཞུང་བར་གྱི་དངུལ་བུན་གྲོས་མོལ་སྤེལ་བཞིན་མེད་པས་ཡིན་ཟེར། 

རྒྱལ་ཁབ་བཅོ་བརྒྱད་པོ་དེའི་ནང་ཨ་ཀིན་ཐིན་དང་། ཨོ་སི་ཁྲུ་ལི་ཡཱ། ཨོ་སི་ཁྲུ་རུ་ཡཱ། པཱ་ཧཱ་མཱ། པུར་ཀ་རི་ཡཱ། ཁི་ལོ་ཏི་ཡཱ། ཅེ་ཁི། ཏན་མག ཧྥེ་ཅི། འཁྱག་གླིང་། དབྱི་ཐཱ་ལེ། མའོ་ཞི་ཁོ། ཕེ་རུ། སི་ལོ་ཝ་ཁི། སི་ཕན། ཝུའུ་ཁི་ལན། དབྱིན་ཇི། ཝུ་ར་ཀུའེ་བཅས་འདུས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།