ཀྲུང་གོ་བོད་ཀྱི་དྲ་བ།

ཙེ་ལེན་སི་ཅི་ཡིས་ཨུ་རུ་སི་དང་འཇར་མན། ཧྥ་རན་སི། ཝུའུ་ཁི་ལན་བཅས་རྒྱལ་ཁབ་བཞིས་མཐོ་རིམ་གྲོས་ཚོགས་སྤེལ་བའི་དུས་ཚོད་ལ་གྲོས་བསྡུར་བྱེད་བཞིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཁི་ལན་འཕྲིན་གཏོང་ཁང་གིས་ཚེས་བཅུ་བཞིའི་ཉིན་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་བཅུ་གསུམ་ཉིན་ཅི་ཧྥུའུ་ནས་བསྟན་དོན། ཨུ་རུ་སི་དང་འཇར་མན། ཧྥ་རན་སི། ཝུའུ་ཁི་ལན་བཅས་ནོའུ་མན་ཏིས་རྣམ་པ་ཅན་གྱི་རྒྱལ་ཁབ་བཞི་ཡིས་མཐོ་རིམ་གྲོས་ཚོགས་སྤེལ་བའི་དུས་ཚོད་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། 

ཙེ་ལེན་སི་ཅི་ཡིས་ཉིན་ཅི་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་ཨེ་སོ་ནི་ཡཱའི་ཙུང་ཐུང་ཁཱ་ལིག་ལའེ་ཏི་ལ་ཐུག་འཕྲད་བྱས། ཁོས་ཕྱོགས་གཉིས་ཀྱིས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཟླ་འདིར་མཐོ་རིམ་གྲོས་ཚོགས་བསྡུ་དགོས་པས། ཝུའུ་ཁི་ལན་གྱིས་དོན་དེར་གྲ་སྒྲིག་བྱེད་བཞིན་ཡོད། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱ་དགོས་ན། འཁྲུག་རྩོད་མཚམས་འཇོག་པ་ནི་མིག་སྔའི་ལས་འགན་གཙོ་བོ་ཡིན་པ་རེད། 

ཝུའུ་ཁི་ལན་གྱི་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པ་ལྟར་ན། ཙེ་ལེན་སི་ཅི་ཡིས་ཟླ་འདིའི་ཚེས་ཉེར་གསུམ་ཉིན་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ལ་ཞུགས་རྒྱུ་རེད། ཁོས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཐོག་དང་པོའི་གྲོས་མོལ་སྤེལ་ནས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་མཇུག་སྒྲིལ་བའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད། 

ཟླ་བརྒྱད་པའི་ཚེས་ཉེར་དགུའི་ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཁ་པར་གྲོས་མོལ་བྱས་ཏེ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ཐག་གཅོད་པར་དམིགས་པའི་ནོའུ་མན་ཏིས་རྣམ་པ་ཅན་གྱི་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་ཐེངས་རྗེས་མར་གྲ་སྒྲིག་བྱེད་འདོད་ཡོད་པའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།