ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གི་མགྲིན་ཚབ་པས་ཚེས་བཅུ་གསུམ་ཉིན་བསྟན་དོན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་ཚེས་བཅུ་དྲུག་ཉིན་ལུའུ་སིན་པའོ་ནས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་དང་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་སྤེལ་རྒྱུ་རེད། དེ་ནི་ཡའོ་ཧན་ཞོན་གྱིས་ཟླ་བདུན་པར་ལས་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་རོང་ཁི་དང་གྲོས་མོལ་བྱས་པ་རེད། 

མགྲིན་ཚབ་པ་དེས་བཤད་རྒྱུར། ཡའོ་ཧན་ཞོན་གྱིས་ཚེས་བཅུ་དྲུག་ཉིན་གྱི་གུང་ཟས་སྐབས་སུ་རོང་ཁི་དང་མཉམ་དུ་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གནད་དོན་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད། ཐེངས་འདིའི་གྲོས་མོལ་ནི་དབྱིན་ཇིའི་སྲིད་གཞུང་གིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྱི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ཆེས་མཇུག་མཐའི་ཡུན་ཚད་ཀྱི་སྔོན་ལ་གྲོས་མཐུན་འགོད་པར་མུ་མཐུད་དུ་འབད་བརྩོན་བྱེད་པའི་བྱ་བའི་ཁག་ཅིག་རེད། 

དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་གཉིས་ཀྱིས་གྲོས་བསྡུར་བྱས་ཏེ་གྲོས་མཐུན་བཀོད་ཀྱང་། ད་རུང་ལམ་ཐག་རིང་བོ་བརྒྱུད་དགོས། ཡའོ་ཧན་ཞོན་གྱིས་དེའི་རྗེས་སུ་ལུའུ་སིན་པའོ་ཡི་དབུ་བཞུགས་བློན་ཆེན་པེ་ཐེ་ཨར་དང་གྲོས་མོལ་བྱས། 

བསྒྲགས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་བསྟན་དོན། ཐེངས་འདིའི་གྲོས་མོལ་ནི་བྱ་བའི་གུང་ཚིགས་ཡིན་ཟེར། མིག་སྔར་དབྱིན་ཇིའི་གླེང་ཕྱོགས་ཀྱིས་གྲོས་མོལ་ལས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ལ་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ལྟ་ཚུལ་བཟང་བོ་བཅངས་མི་འདུག 
ཡའོ་ཧན་ཞོན་གྱིས་ཐེངས་མང་བོར་བསྟན་དོན། གྲོས་མཐུན་བཀོད་ཡོད་མེད་གང་ལྟར་ཡང་། ཁོས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བར་སྣེ་ཁྲིད་བྱེད་རྒྱུ་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ཡུན་ཚད་རྒྱུན་བསྲིངས་པའི་རེ་ཞུ་བྱེད་མི་སྲིད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།