ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་སག་སི་ཐན་གྱི་ལས་རིགས་སོ་སོས་བལྟས་ན་ཧཱ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པར་འདོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཚེས་བཅུ་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས། དེའི་སྐབས་སུ་ཕྱོགས་གཉིས་ཀྱིས་གཅིག་གྱུར་གྲོས་ཆོད་བཀོད་དེ། དཀའ་སྡུག་མཉམ་མྱོང་དང་མཉམ་ལས་གཉིས་ཕན་གྱི་དགོངས་དོན་གཞིར་བཟུང་ནས། ཀྲུང་གོ་དང་ཧཱ་སག་སི་ཐན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ཐག་བཅད། ཧཱ་སག་སི་ཐན་ལས་རིགས་སོ་སོའི་མི་སྣས་བལྟས་ན། ཧཱ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་ཟེར། 

ཧཱ་སག་སི་ཐན་གྱི་ལས་དངོས་ཚགས་པར་གྱི་སྤྱིའི་རྩོམ་སྒྲིག་པ་ཁི་ཨར་རོང་པཱ་ཡེ་ཧྥུའུ་ཡིས་ཚེས་བཅུ་གཉིས་ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འགོར་ལ་ཉེ་བའི་སྐབས་སུ། ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཧཱ་སག་སི་ཐན་གྱི་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པ་རེད། ཧཱ་སག་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལག་རྡང་སྦྲེལ་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་དུས་རིམ་གསར་བར་བསྐྱོད་པ་དང་། དེ་དག་ལ་དམིགས་བསལ་གྱི་དོན་སྙིང་ལྡན་ཟེར། 

ཁི་ཨར་རོང་པཱ་ཡེ་ཧྥུའུ་ཡིས་བལྟས་ན། ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཐེངས་འདིར་ཀྲུང་གོར་འཚམས་འདྲི་བྱེད་པའི་ནང་དོན་མང་བ་དང་འགྲུལ་བཞུད་དོན་དངོས་དང་མཐུན་ལ། གྲུབ་འབྲས་རང་བཞིན་གྱི་ཡིག་ཆ་དེ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཀྱི་རྒྱུན་མཐུད་དུ་འགྱུར་སྲིད་པར་འདོད། 

ཧཱ་སག་སི་ཐན་གྱི་ཀྲུང་གོའི་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཧྲ་དབྱེ་མེ་ཨར་ཀི་ནོའུ་ཝ་ཡིས་ཚེས་བཅུ་གཉིས་ཉིན་གསར་འགོད་པར་བསྟན་དོན། ཧཱ་སག་སི་ཐན་གྱི་ཙུང་ཐུང་གིས་ཀྲུང་གོར་འཚམས་འདྲི་བྱས་པའི་དོན་སྙིང་གལ་ཆེན་ནི་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་བྱེད་པ་དེ་ཡིན་ལ། ཧཱ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འགྲོ་འོང་ཁྲོད་ཀྱི་ཐོག་མའི་ཁ་ཕྱོགས་ཡིན་པའི་མཚོན་རྟགས་ཡིན་ཟེར། 

དེ་ལས་གཞན་རྒྱལ་ཁབ་གཉིས་ཀྱིས་ཞིང་ཞོར་ཐོན་རྫས་ཀྱི་ཕྱིར་གཏོང་དང་བྲེལ་མྱུར་གནས་ཚུལ་གྱི་མཉམ་ལས། གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་ནས་ཡིག་ཆ་མང་དུ་བཀོད་ནས། ཧཱ་སག་སི་ཐན་དང་ཀྲུང་གོས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པར་སྒུལ་ནུས་གསར་བ་འདོན་སྤྲོད་བྱས། 

ཧཱ་སག་སི་ཐན་གྱི་ཙུང་ཐུང་གི་ལས་རོགས་པ་ནོའུ་ཨར་ཐི་ལེ་ཝུའུ་ཨོ་ཧྥུའུ་ཡིས་ཉེ་སྔོན་བསྟན་དོན། ཐའོ་ཁཱ་ཡེ་ཧྥུའུ་ཡི་ཐེངས་འདིའི་འཚམས་འདྲི་དེ་ཧཱ་སག་སི་ཐན་གྱི་དུས་ཡུན་རིང་བོའི་འཐབ་ཇུས་ཁེ་ཕན་དང་འཚམ། དུས་རབས་འགའི་རིང་ལ། ཧཱ་སག་སི་ཐན་དང་ཀྲུང་གོའི་མང་ཚོགས་ཀྱིས་དར་གོས་ཚོང་ལམ་ལ་བརྟེན་ནས་འབྲེལ་འདྲིས་ཟབ་མོ་བྱས། མིག་སྔར་ཧཱ་སག་སི་ཐན་གྱི་འོད་སྣང་གི་ལམ་ཞེས་པའི་དཔལ་འབྱོར་སྲིད་ཇུས་གསར་བ་དང་ཀྲུང་གོའི་དར་གོས་ཚོང་ལམ་གྱི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་བྱེད་པ་སྦྲེལ་མཐུད་བྱས་ནས་དོན་སྙིང་གལ་ཆེན་ལྡན། ཧཱ་སག་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་སྲིད་གཞུང་བར་དང་སྡེ་ཁག་བར་གྱི་གྲོས་མཐུན་ཉིས་བརྒྱ་དང་ལྔ་བཅུ་ལྷག་བཀོད་ཡོད་པ་དང་། དེ་ལས་རྒྱལ་ཁབ་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་རེ་འདུན་དྲག་པོ་མཚོན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།