ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་བཀག་འཇུག་བྱས་པའི་མི་སྣ་སྐོར་ཞིག་བརྗེ་སྤོར་བྱས།

1.jpg

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཅི་ཧྥུའུ་ཡི་པའོ་ལི་སི་པའོ་ཨར་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་བཙོན་གྲོལ་བཏང་བའི་བཀག་འཇུག་མི་སྣར་དགའ་བསུ་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་འགྲོ་མིའི་ཐོབ་ཐང་གི་འཐུས་མི་མའོ་སི་ཁཱ་ལེ་ཁི་ཝ་ཡིས་ཚེས་བདུན་ཉིན་མའོ་སི་ཁི་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཉིན་དེར་བཀག་འཇུག་བྱས་པའི་མི་སྣ་སྐོར་ཞིག་བརྗེ་སྤོར་བྱས་པ་དང་། ཕྱོགས་སོ་སོས་མི་སོ་ལྔ་རེ་བཏང་བ་རེད། དེ་ནི་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཁི་ཁྲུ་མཚོ་འགག་གི་ཉམས་ཉེན་རྗེས་སུ་ཐོག་དང་པོར་བཀག་འཇུག་བྱས་པའི་མི་སྣ་བརྗེ་སྤོར་བྱས་པ་རེད། 

མའོ་སི་ཁཱ་ལེ་ཁི་ཝ་ཡིས་བཤད་རྒྱུར། ཐེངས་འདིར་བཀག་འཇུག་མི་སྣ་བརྗེ་སྤོར་བྱས་པ་ནི་གཞི་རྒྱ་ཆེ་བའི་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ཆེན་མོ་ཞིག་ཡིན་པ་དང་། བྱ་སྤྱོད་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཞི་འཇགས་སུ་གཏོང་བ་དང་། བཀག་འཇུག་མི་སྣ་བརྗེ་སྤོར་བྱེད་པའི་གྲོས་མོལ་གསར་དུ་མགོ་རྩོམ་ཐུབ་པར་རེ་བས་ཁེངས་ཡོད་ཟེར། 

གཞན་ཡང་ཝུའུ་ཁི་ལན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཚེས་བདུན་ཉིན་གྱི་ཕྱི་དྲོར། ཝུའུ་ཁི་ལན་གྱི་བཀག་འཇུག་བྱས་པའི་མི་སྣ་སོ་ལྔ་གནམ་གྲུར་བསྡད་དེ་ཅི་ཧྥུའུ་པའོ་ལི་སི་པའོ་ཨར་གནམ་གྲུ་ཐང་དུ་འབྱོར་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བདུན་ཉིན་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་བཀག་འཇུག་མི་སྣ་བརྗེ་སྤོར་བྱས་པ་ནི་བྱེད་ཐབས་ཧ་ཅང་གལ་ཆེན་ཞིག་རེད་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།