ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་དབྱི་ལིང་གི་རྡོ་སྣུམ་སྐྱེལ་འདྲེན་དང་འབྲེལ་བའི་མཚོ་ཐོག་སྐྱེལ་འདྲེན་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་ལིང་གི་རྡོ་སྣུམ་སྐྱེལ་འདྲེན་དང་འབྲེལ་བའི་མཚོ་ཐོག་སྐྱེལ་འདྲེན་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཐེངས་འདིའི་བཀག་སྡོམ་དེ་ཚོགས་ཁག་བཅུ་དྲུག་དང་མི་སྒེར་བཅུ། གྲུ་གཟིངས་བཅུ་གཅིག་བཅས་ལ་འབྲེལ་ཡོད། གསལ་སྒྲོག་ལས་བཤད་རྒྱུར། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ཁོངས་སུ་གཏོགས་པའི་ལྷ་མཁར་སྟོང་ཤོག་གི་མཐོ་རིམ་དཔོན་པོ་དང་དབྱི་ལིང་གི་དཔོན་རིགས་གཞན་པས་མཚོ་ཐོག་སྐྱེལ་འདྲེན་བྱ་བར་བཀོད་སྒྲིག་བྱེད་བཞིན་ཡོད་ལ། ཁྲིམས་དང་འགལ་བའི་སྒོ་ནས་དབྱི་ལིང་གི་རྡོ་སྣུམ་ཕྱིར་འཚོང་སྐྱེལ་འདྲེན་བྱེད་བཞིན་ཡོད་ཟེར། 

ཨ་མེ་རི་ཁའི་དབྱི་ལིང་གནད་དོན་གྱི་དམིགས་བསལ་འཐུས་མི་ཧུའུ་ཁི་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཐེངས་འདིའི་བཀག་སྡོམ་ནི་ཨ་མེ་རི་ཁས་དབྱི་ལིང་ལ་ཚད་བརྒལ་གནོན་ཤུགས་སྟེར་བའི་བྱེད་ཐབས་རྒྱུན་བསྐྱངས་པ་ཡིན་ཞིང་། མ་འོངས་པར་ཨ་མེ་རི་ཁས་ད་རུང་དབྱི་ལིང་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་མང་བོ་བཏོན་ནས། དབྱི་ལིང་གི་དཔལ་འབྱོར་ཡོང་འབབ་ཀྱི་ཡོང་ཁུངས་བཅད་ནས་དབྱི་ལིང་ཡང་བསྐྱར་གྲོས་མོལ་ནང་ཞུགས་པར་བཙན་སྐུལ་བྱེད་རྒྱུ་རེད། 

ཨ་མེ་རི་ཁའི་འབྲེལ་ཡོད་གཏན་འཁེལ་ལྟར་ན། བཀག་སྡོམ་བྱ་ཡུལ་གྱི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇོག་བྱེད་པ་དང་། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེའི་བར་ཉོ་ཚོང་བྱེད་མི་རུང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།