ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཨ་མེ་རི་ཁ་དང་ཨུ་རུ་སིའི་བར་ཕྱོགས་གསུམ་གྱི་མཐོ་རིམ་གྲོས་ཚོགས་སྤེལ་རྒྱུའི་འཆར་གཞི་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་གསུམ་ཉིན་བསྟན་དོན། དབྱི་སི་རལ་གྱིས་ཡེ་ལུའུ་སཱ་ལེམ་ནས་དབྱི་སི་རལ་དང་ཨ་མེ་རི་ཁ། ཨུ་རུ་སི་བཅས་ཕྱོགས་གསུམ་གྱི་མཐོ་རིམ་གྲོས་ཚོགས་སྤེལ་རྒྱུའི་འཆར་གཞི་ཡོད་ཟེར། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་སྤེལ་བའི་ནེ་ཀིའི་རྒྱུན་ལྡན་གྱི་གྲོས་ཚོགས་སྟེང་བསྟན་དོན། མིག་སྔར་དབྱི་སི་རལ་གྱིས་ཡེ་ལུའུ་སཱ་ལེམ་ནས་དབྱི་སི་རལ་དང་ཨ་མེ་རི་ཁ། ཨུ་རུ་སི་བཅས་ཕྱོགས་གསུམ་གྱི་མཐོ་རིམ་གྲོས་ཚོགས་སྤེལ་ནས། མུ་མཐུད་དུ་དབྱི་ལིང་དང་སི་རི་ཡཱ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་པའི་འཆར་གཞི་ཡོད་ཟེར། 

ཁོས་བཤད་རྒྱུར། དབྱི་སི་རལ་དམག་ཕྱོགས་དང་བདེ་འཇགས་སྡེ་ཁག་གི་དམིགས་འབེན་ཆེན་པོ་གསུམ་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་ལས་གཞིར་བཀག་འགོག་བྱེད་པ་དང་། དབྱི་ལིང་གིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་སོགས་ལ་གསང་སྟབས་ཀྱིས་མཚོན་ཆ་སྐྱེལ་འདྲེན་བྱེད་པར་བཀག་འགོག་བྱེད་པ། དབྱི་ལིང་དང་དེའི་རྒྱབ་སྐྱོར་ཐོབ་པའི་དྲག་ཆས་པས་དབྱི་སི་རལ་དང་ཉེ་བའི་རྒྱལ་མཚམས་ཀྱི་སྟོབས་ཤུགས་སྲ་བརྟན་དུ་གཏོང་བར་བཀག་འགོག་བྱེད་པ་བཅས་ཡིན། སྔར་ནས་གཏན་འཁེལ་བྱས་པའི་དམིགས་འབེན་དེ་མངོན་འགྱུར་བྱེད་ཆེད། ང་ཚོས་མུ་མཐུད་དུ་ཕྱི་འབྲེལ་དང་བདེ་འཇགས། གསང་འཕྲིན་བཅས་ཐད་ཀྱི་བྱེད་ཐབས་གང་རུང་སྤྱོད་རྒྱུ་ཡིན་ཟེར། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གཏམ་བཤད་སྤེལ་སྐབས་གྲོས་ཚོགས་དེ་དུས་ནམ་ཞིག་ལ་སྤེལ་རྒྱུ་གསལ་བོར་བསྟན་མེད། དབྱི་སི་རལ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། གྲོས་ཚོགས་དེ་ཟླ་དགུ་བའི་ཚེས་བཅུ་བདུན་ཉིན་དབྱི་སི་རལ་གྱི་གྲོས་ཁང་གི་འདེམ་བསྐོའི་སྔོན་ལ་སྤེལ་ནས། ཁོའི་ཕྱི་འབྲེལ་ཐད་ཀྱི་འཇོན་ནུས་ངོམས་སྲིད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།