ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཡེ་མིན་ལྷོ་ཕྱོགས་ཀྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་འགྲིག་མཐུན་གྲོས་མོལ་བྱེད་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་གྱི་རྒྱལ་སྲིད་པུའུ་ཀྲང་ཅཱ་ཨར་ཅཱ་ཧྲི་ཡིས་ཟླ་དགུ་བའི་ཚེས་གཅིག་ཉིན་ཡེ་མིན་སྲིད་གཞུང་དང་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གཉིས་སོ་ཏི་ཨ་རབ་ཀྱིས་འབོད་སྐུལ་བཏང་ནས་བསྡུས་པའི་འགྲིག་མཐུན་གྲོས་མོལ་ལ་ཞུགས་ཏེ། ཕྱོགས་གཉིས་ཀྱི་དམག་དོན་འཁྲུག་རྩོད་དེ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་། 

ཅཱ་ཨར་ཅཱ་ཧྲི་ཡིས་ཉིན་དེར་དྲ་ཐོག་ནས་བསྟན་དོན། སོ་ཏི་ཨ་རབ་ཀྱིས་མགོ་འཛིན་བྱས་པའི་འགྲིག་མཐུན་གྲོས་མོལ་ནི་ཡེ་མིན་ལྷོ་ཕྱོགས་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མིག་སྔའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ཡིན་ཟེར། 

ཁོས་བཤད་རྒྱུར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་ཁོངས་གཏོགས་རྒྱལ་ཁབ་ཡིན་པའི་ཆ་ནས། འཇིགས་སྐུལ་རྩ་འཛུགས་ཀྱི་ཡེ་མིན་གྱི་འགུལ་སྐྱོད་ལ་མཐའ་གཅིག་ཏུ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། 

ཉེ་བའི་དུས་སྐབས་ཤིག་གི་རིང་། ཡེ་མིན་སྲིད་གཞུང་དམག་དཔུང་དང་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གི་དྲག་ཆས་སྟོབས་ཤུགས་ཀྱིས་བསྟུད་མར་ཉིན་འགའི་རིང་འཁྲུག་རྩོད་དྲག་པོ་བྱས། སོ་ཏི་ཨ་རབ་སྲིད་གཞུང་གིས་ཟླ་བརྒྱད་པའི་ཚེས་ཉེར་བདུན་ཉིན་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་འགྲིག་མཐུན་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་། ཡེ་མིན་སྲིད་གཞུང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་ལ་དཔལ་འབྱོར་དང་དམག་དོན་གྱི་རྒྱབ་སྐྱོར་བྱས་པར་སྐྱོན་འཛུགས་བྱས་ཀྱང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་ཡཱ་ཏེན་ལ་ཚོད་འཛིན་བྱེད་པར་རྒྱབ་སྐྱོར་བྱེད་པ་ཁས་ལེན་མ་བྱས་པར་མ་ཟད། ནུས་པ་ཡོད་ཚད་བཏོན་ནས་ཡེ་མིན་གྱི་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།