ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་ཨ་མེ་རི་ཁས་སི་རི་ཡཱའི་བདེ་འཇགས་ས་ཁུལ་གྱི་འཆར་གཞི་འགོར་འགྱངས་བྱེད་པར་བཟོད་སྒོམ་གཏན་ནས་མི་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་ཟླ་བརྒྱད་པའི་ཚེས་ཉེར་དགུའི་ཉིན་བཤད་རྒྱུར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། ཨ་མེ་རི་ཁས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་བདེ་འཇགས་ས་ཁུལ་འཛུགས་པའི་འཆར་གཞི་འགོར་འགྱངས་བྱེད་མི་རུང་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཨུ་རུ་སི་ལ་རྒྱལ་དོན་འཚམས་འདྲི་བྱས་ནས་ཕྱིར་ལོག་པའི་ལམ་བར་ནས་གསར་འགོད་པར་བསྟན་དོན། ཐུར་ཁེ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་སི་རི་ཡཱ་ནས་བདེ་འཇགས་ས་ཁུལ་འཛུགས་པའི་གྲོས་མཐུན་བཀོད་པ་ནི་ཡང་དག་གི་ཐབས་ཤིག་ཡིན་པ་དང་། འཆར་གཞི་དེ་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་གྱི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་གཙང་སེལ་བྱེད་པར་ཕན་ཐོགས་ཡོད་ལ། ཐུར་ཁེའི་ཤར་ལྷོའི་ཕྱོགས་ཀྱི་རྒྱལ་མཚམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་མི་དམངས་སྲུང་སྐྱོབ་དམག་དཔུང་སི་རི་ཡཱའི་མན་པུས་ཅི་ནས་ཕྱིར་འཐེན་བྱེད་པའི་འཆར་གཞིའི་སྟེང་ནས་འགོར་འགྱངས་ཡང་ཡང་བྱས་ཀྱང་། ཐེངས་འདིར་ཨ་མེ་རི་ཁས་ཡང་བསྐྱར་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་བདེ་འཇགས་ས་ཁུལ་འཛུགས་པའི་འཆར་གཞིར་འགོར་འགྱངས་བྱས་ན་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་ཟེར། 

གཞན་ཡང་ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨེ་ཨར་ཏའོ་ཨན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་ཉིན་དེའི་སྔ་དྲོར་ཁ་པར་བཏང་སྟེ། སི་རི་ཡཱའི་དབྱེ་ཏི་ལེ་པུའུ་ས་ཁུལ་གྱི་གནས་བབ་དང་ཐུར་ཁེ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་འབྲེལ་བར་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་སི་རི་ཡཱའི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་དང་མཉམ་ལས་བྱས་ཏེ་སི་རི་ཡཱ་ནས་སྐོར་ཐེངས་གསར་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་འབྱུང་བར་སྔོན་འགོག་བྱེད་པ་སོགས་ལ་གྲོས་འཆམ་བྱུང་ཡོད་ཟེར། 

དུས་ཡུན་རིང་བོར། ཐུར་ཁེ་དང་ཨ་མེ་རི་ཁས་མི་དམངས་སྲུང་སྐྱོབ་དམག་དཔུང་སོགས་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པར་བཟུང་བའི་ལངས་ཕྱོགས་ཐད་འགལ་བ་ཆེན་པོ་ཡོད། ཐུར་ཁེ་ཕྱོགས་ཀྱིས་བལྟས་ན་མི་དམངས་སྲུང་སྐྱོབ་དམག་དཔུང་ནི་ཐུར་ཁེ་སྲིད་གཞུང་གིས་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞགས་པའི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་སི་རི་ཡཱའི་ཡན་ལག་རུ་ཁག་ཡིན་པར་འདོད་ནས་ཆམ་ཕབ་དྲག་པོ་གཏོང་བཞིན་ཡོད་ཀྱང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ནམ་རྒྱུན་ཁུའུ་ཨར་ཏི་བ་གཙོ་བྱས་པའི་སི་རི་ཡཱའི་དམངས་གཙོ་དམག་དཔུང་དང་མི་དམངས་སྲུང་སྐྱོབ་དམག་དཔུང་བར་མཉམ་ལས་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།