ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་དང་རྒྱ་གར་གྱིས་སྔོན་ཐོན་མཚོན་ཆའི་ཐོན་སྐྱེད་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། ཨུ་རུ་སི་དང་རྒྱ་གར་གྱིས་ཕྱོགས་གཉིས་ཀྱི་དམག་དོན་ལག་རྩལ་མཉམ་ལས་རྒྱ་བསྐྱེད་པ་དང་སྔོན་ཐོན་མཚོན་ཆའི་མཉམ་འབྲེལ་ཐོན་སྐྱེད་རྒྱ་བསྐྱེད་འདོད་ཡོད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་འཚམས་འདྲིར་ཡོང་བའི་རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་སུའུ་ཅེ་ཧྲིན་དང་མཉམ་དུ་མའོ་སི་ཁི་ནས་གྲོས་མོལ་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་དང་རྒྱ་གར་གྱིས་ཕྱོགས་གཉིས་ཀྱི་དམག་དོན་ལག་རྩལ་མཉམ་ལས་ཀྱི་ད་ལྟའི་གནས་ཚུལ་ལ་གདེང་འཇོག་གང་ལེགས་བྱས་པ་དང་། སྔོན་ཐོན་མཚོན་ཆའི་མཉམ་འབྲེལ་ཐོན་སྐྱེད་རྒྱ་བསྐྱེད་འདོད་ཡོད་ཟེར། ཕྱོགས་གཉིས་ཀྱིས་ད་རུང་བར་སྣང་དང་ཉིང་རྡུལ་ནུས་པ། དེ་མིན་ཚན་རྩལ་ཁྱབ་ཁོངས་གཞན་པའི་ཕྱོགས་མང་བོའི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་པའི་ཚུལ་བསྟན། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་བྱུང་ཡོད། ན་ནིང་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འབོར་གྲངས་མེ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་ཡིན་པ་དང་། ད་ལོར་ཉོ་ཚོང་འཕར་སྣོན་གྱི་རྣམ་པ་བཟང་བོ་བྱུང་ཡོད་ཟེར། ཕྱོགས་གཉིས་ཀྱིས་ད་རུང་ཉེ་སྔོན་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པའི་སྐོར་གྱི་གྲོས་མོལ་མགོ་རྩོམ་རྒྱུ་ཡིན་ཟེར། 

སུའུ་ཅེ་ཧྲིན་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱ་གར་དང་ཨུ་རུ་སིའི་མགོ་ཁྲིད་པས་ད་ལོའི་ཟླ་དགུ་བར་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། མཉམ་ལས་ཁྱབ་ཁོངས་གསར་བ་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ལ། རྒྱ་གར་ཕྱོགས་ཀྱིས་མིག་སྔར་དོན་དེར་གྲ་སྒྲིག་གང་ལེགས་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།