ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་གལ་ཏེ་ཆ་རྐྱེན་འོས་འཚམ་ལྡན་ན་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་དང་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ཉེར་དྲུག་ཉིན་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་པུས་ཡཱ་ལི་ཚི་གྲོང་ཁྱེར་ནས་བཤད་རྒྱུར། གལ་ཏེ་ཆ་རྐྱེན་འོས་འཚམ་ལྡན་ན། ཁོས་ཧྥ་རན་སིའི་གྲོས་གཞི་དང་ལེན་བྱས་ཏེ། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་དང་གྲོས་མོལ་བྱེད་འདོད་ཡོད་ཟེར། 

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་གྲོལ་ལ་ཉེ་བའི་སྐབས་སུ། ཐི་ལིང་ཕུའུ་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྤེལ། ཐི་ལིང་ཕུའུ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་སྲིད་དབང་རྩ་རྫོགས་བྱེད་པའི་རེ་བ་བཅངས་མེད་པ་དང་། ཨ་མེ་རི་ཁས་བསམ་པ་ནི་དབྱི་ལིང་ལ་ཉིང་རྡུལ་ནུས་པའི་མཚོན་ཆ་ཐོབ་པར་མི་བྱེད་པ་དེ་ཡིན་ཟེར། 

མཱ་ཁི་ལུང་གིས་བཤད་རྒྱུར། ལུའུ་ཧཱ་ནེ་ཡིས་ཐི་ལིང་ཕུའུ་བར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན། ལུའུ་ཧཱ་ནེ་དང་ཐི་ལིང་ཕུའུ་གཉིས་ཀྱི་གྲོས་མོལ་དེ་མ་འོངས་པའི་གཟའ་འཁོར་འགའི་ནང་སྤེལ་ཐུབ་པའི་རེ་བ་བྱས་ཡོད་ཟེར། མཱ་ཁི་ལུང་གིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་ལིང་གིས་གྲོས་མཐུན་འགོད་ཐུབ་ན། ཧྥ་རན་སི་ཡིས་དོན་དེའི་ཐད་ནུས་པ་གང་ཡོད་འདོན་སྤེལ་བྱེད་འདོད་ཡོད་ཟེར། 

ལུའུ་ཧཱ་ནེ་ཡིས་ཚེས་ཉེར་དྲུག་ཉིན་གྱི་ཡོངས་བསྒྲགས་བྱ་འགུལ་ཞིག་གི་སྟེང་གཏམ་བཤད་སྤེལ་ཏེ། གལ་ཏེ་གྲོས་མོལ་བྱས་ན་དབྱི་ལིང་རྒྱལ་ཁབ་ཀྱི་ཁེ་ཕན་དང་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་ན་ཁོས་གྲོས་མོལ་བྱེད་འདོད་ཡོད་ཟེར། ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། དབྱི་ལིང་གིས་སྟོབས་ཤུགས་མངོན་པའི་ཞོར་དུ་ཕྱི་འབྲེལ་གྱི་བྱེད་ཐབས་ཀྱང་སྤྱོད་དགོས་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།