ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་དོགས་ཟོན་གཟབ་ནན་བྱེད་པའི་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་པུས་ཡཱ་ལི་ཚི་ནས་ཚོགས་མགོ་བརྩམས། ཉིན་དེར་པུས་ཡཱ་ལི་ཚི་དང་བར་ཐག་སྤྱི་ལེ་སུམ་ཅུ་ཙམ་ཡོད་པའི་ཧྥ་རན་སིི་གྲོང་རྡལ་ཆུང་བ་ཨང་ཏའེ་ནས། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་། 

ཉིན་དེའི་སྔ་དྲོར། རྔམ་སྟོན་ཁྲོམ་སྐོར་མཁན་དག་ཨང་ཏའེ་ནས་ལམ་དུ་ཆས་ཏེ། ནུབ་ཀྱི་རྒྱ་མཚོ་ཆེན་མོའི་མཚོ་འགྲམ་གཞུང་ལམ་བརྒྱུད་དེ་སྤྱི་ལེ་འགའི་ཕ་རོལ་གྱི་ཟམ་པ་ཞིག་གི་ཉེ་སར་སོང་ནས། སི་ཕན་ནས་ཡོང་བའི་རྔམ་སྟོན་ཁྲོམ་སྐོར་མཁན་གཞན་པ་སྐོར་ཞིག་དང་ལྷན་དུ་འདྲེས། 

རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་ཁ་དོག་མི་འདྲ་བའི་འཕྲེད་བྱང་དང་དར་ཆ་བཟུང་སྟེ། མ་རྩ་རིང་ལུགས་ལ་ངོ་རྒོལ་བྱས་ཤིང་། ཁོར་ཡུག་སྲུང་སྐྱོབ་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། སྤྱི་ཚོགས་འདྲ་མཉམ་ཡོང་དགོས་པའི་འདོད་བློ་བཏོན་ཏེ། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ལ་ངོ་རྒོལ་བྱས། 

རྔམ་སྟོན་ཁྲོམ་སྐོར་མཁན་ཨ་ལན་ཁཱ་ཡིས་བཤད་རྒྱུར། ང་ཚོས་ངོ་རྒོལ་བྱེད་པ་ནི་བཙན་དབང་ཆབ་སྲིད་ཡིན་པ་དང་། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ནི་འབྱོར་ལྡན་གྱི་སྤྲོ་སྐྱིད་ཁང་རེད་ཟེར། རྔམ་སྟོན་ཁྲོམ་སྐོར་མཁན་ཨེ་ཀྲ་ཅི་ཨར་གྱིས་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་འགུལ་སྐྱོད་སྤེལ་ནས་ནམ་ཟླའི་འགྱུར་ལྡོག་དང་སྐྱེ་ཁམས་སྲུང་སྐྱོབ་གནད་དོན་ཐག་གཅོད་བྱས་མེད་པ་དང་། ཁོ་ཚོ་ནི་རྩེར་སོན་གྱི་སྤྲོ་སྐྱིད་ཁང་ཞིག་རེད་ཟེར། 

ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། མི་སྟོང་དགུ་ལྷག་ཨང་ཏའེ་ཡི་རྔམ་སྟོན་ཁྲོམ་སྐོར་ལ་ཞུགས་ཡོད་ཟེར། རྔམ་སྟོན་ཁྲོམ་སྐོར་ལ་རྩ་འཛུགས་བྱེད་མཁན་གྱིས་བསྟན་དོན། ཉིན་དེར་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་མི་ཁྲི་གཅིག་དང་སྟོང་ལྔར་བསླེབ་ཡོད་ཟེར། རྔམ་སྟོན་ཁྲོམ་སྐོར་མཁན་གྱི་རྩ་འཛུགས་མཁན་གཞན་པ་ཞིག་གིས་ང་ཚོ་པུས་ཡཱ་ལི་ཚི་ཉེ་འདབས་ཀྱི་པཱ་ཡའོ་ནཱ་རུ་སོང་ནས་མུ་མཐུད་དུ་རྔམ་སྟོན་ཁྲོམ་སྐོར་བྱེད་རྒྱུ་ཡིན་ཟེར། 

ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། པཱ་ཡའོ་ནཱ་ནས་ཉེན་རྟོག་ཕྱོགས་དང་རྔམ་སྟོན་ཁྲོམ་སྐོར་མཁར་བར་འཁྲུག་རྩོད་བྱུང་བ་དང་། ཉེན་རྟོག་ཕྱོགས་ཀྱིས་དུད་འཕྱུར་འགད་རྫས་བཀོལ་སྤྱོད་བྱས་པ་རེད་ཟེར། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།