ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཁྲིམས་འགལ་གནས་སྤོར་སྡོད་དམངས་དང་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ནང་སྲིད་པུའུ་ཡི་པུའུ་ཀྲང་སོ་དབྱེ་ལུའུ་ཡིས་ཚེས་ཉེར་གཅིག་ཉིན་ཡོ་རོབ་གླིང་དང་ཨ་མེ་རི་ཁས་མིག་སྔའི་འཛམ་གླིང་གི་ཉིན་རེར་ཛ་དྲག་ཏུ་འགྱུར་བཞིན་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་དཀའ་གནད་དང་འབྲེལ་ཡོད་ཀྱི་འཇིགས་སྐུལ་རིང་ལུགས་དང་དུག་རྫས་ལྐོག་འཚོང་གནད་དོན་ཐད་ནས་སྔར་ལས་མང་བའི་རོགས་རམ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

སོ་དབྱེ་ལུའུ་ཡིས་ཉིན་དེར་ཐུར་ཁེའི་ཆེས་ཆེ་བའི་གྲོང་ཁྱེར་དབྱེ་སི་ཐན་པོར་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེ་དེ་ཨ་ཧྥུའུ་ཧན་དང་ཕཱ་ཁི་སི་ཐན། ཨ་ཧྥེ་རི་ཁ་གླིང་། དབུས་ཤར་ཕྱོགས་ཀྱི་ཡུལ་གྱར་བའི་རྒྱལ་ཁབ་རེ་འགའི་དམིགས་ཡུལ་དུ་གྱུར་ཡོད། དེ་ལས་གཞན་ཐུར་ཁེ་ཡུལ་གྱར་བ་དག་ཡོ་རོབ་གླིང་དུ་ལྐོག་འགྲོས་བྱེད་པའི་ས་ཚིགས་སུ་གྱུར་ཡོད། ཐུར་ཁེའི་དབང་འཛིན་ལས་ཁུངས་ཀྱིས་ཉིས་སྟོང་བདུན་དང་ཉིས་སྟོང་བརྒྱད་ལོར་སོ་སོར་ཁྲིམས་འགལ་གནས་སྤོར་སྡོད་དམངས་འབུམ་གཅིག་དང་ཁྲི་བདུན་ལྷག་དང་འབུམ་གཉིས་དང་ཁྲི་དྲུག་ལྷག་བཅས་འཛིན་བཟུང་བྱས་ཡོད། ཚོད་དཔག་བྱས་ན་ད་ལོར་མི་འབུམ་གསུམ་ལ་བརྒལ་སྲིད་ཟེར།

སོ་དབྱེ་ལུའུ་ཡིས་ནན་གྱིས་བསྟན་དོན། ཁྲིམས་འགལ་གནས་སྤོར་སྡོད་དམངས་ལས་བྱུང་བ་ནི་འཇིགས་སྐུལ་རིང་ལུགས་དང་དུག་རྫས་ལྐོག་འཚོང་གནད་དོན་ཡིན། མིག་སྔར་ཐུར་ཁེ་ཕྱོགས་ཀྱིས་གནད་དོན་དེ་དག་ཐག་གཅོད་བྱེད་བཞིན་ཡོད་ཟེར། 

སོ་དབྱེ་ལུའུ་ཡིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་མྱུར་དུ་བྱེད་ཐབས་སྤྱད་དེ་ཁྲིམས་འགལ་གནས་སྤོར་སྡོད་དམངས་འབྱུང་བའི་རྒྱུ་མེད་པར་གཏོང་བ་དང་། དགོས་ངེས་ཀྱི་བདེ་འཇགས་ཆ་རྐྱེན་དང་ཟས་རིགས། འཐུང་ཆུ། སྨན་རྫས། སློབ་གསོ་བཅས་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།