ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་གྱིས་འཇར་པན་བར་ལག་རྡང་སྦྲེལ་ནས་གྲོས་མོལ་མཉམ་ལས་ཀྱི་ལམ་དུ་བགྲོད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190816094232qSHe.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། ཧན་གོའི་ཀྲུང་ཆིན་ལྷོ་ལམ་ཐེན་ཨན་གྲོང་ཁྱེར་ནས། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཀོང་ཧྥུའུ་དུས་ཆེན་གྱི་དགའ་སྟོན་མཛད་སྒོར་ཞུགས་སྐབས་ཞུ་ཚིག་ཕུལ། 

ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་བཅོ་ལྔ་ཉིན་ཀོང་ཧྥུའུ་དུས་ཆེན་གྱི་ལོ་ངོ་དོན་བཞིའི་དགའ་སྟོན་མཛད་སྒོར་ཞུགས་སྐབས་བསྟན་དོན། གལ་ཏེ་འཇར་པན་གྱིས་ད་ལྟ་གྲོས་མོལ་མཉམ་ལས་ཀྱི་བགྲོད་ལམ་གདམ་གསེས་བྱས་ན། ཧན་གོས་འཇར་པན་དང་ལག་རྡང་སྦྲེལ་ཏེ། མཉམ་དུ་འདྲ་མཉམ་ཉོ་ཚོང་དང་མཉམ་ལས་བྱེད་པའི་ཨེ་ཤ་ཡཱ་ཤར་མ་གསར་སྐྲུན་བྱེད་འདོད་ཡོད་ཟེར། 

ཝུན་ཙེ་ཡུན་གྱིས་ཉིན་དེར་ཀྲུང་ཆིན་ལྷོ་ལམ་ཐེན་ཨན་གྲོང་ཁྱེར་གྱི་རང་བཙན་རྗེས་དྲན་ཁང་ནས་ཀོང་ཧྥུའུ་དུས་ཆེན་གྱི་དགའ་སྟོན་མཛད་སྒོར་ཞུགས་ཏེ་ཞུ་ཚིག་ཕུལ། ཏང་ཁག་སོ་སོའི་འཐུས་མི་ཡང་བྱ་འགུལ་ལ་ཞུགས་ཡོད། ཝུན་ཙེ་ཡུན་གྱིས་བཤད་རྒྱུར། མཉམ་ལས་བྱས་ན་ད་གཟོད་ཐུན་མོང་རྒྱུན་མཐུད་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ་པ་དང་། སྔོན་ལ་འཕེལ་རྒྱས་སུ་སོང་བའི་རྒྱལ་ཁབ་དག་གིས་རྗེས་སུ་འཕེལ་རྒྱས་ལ་སོང་བའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་གོ་སྐབས་འཕྲོག་མི་རུང་། འཛམ་གླིང་གིས་ཚད་མཐོན་པོས་ལས་བགོས་མ་ལག་ལས་ཐུན་མོང་དར་རྒྱས་མངོན་འགྱུར་བྱ་དགོས་ལ། འཇར་པན་གྱི་དཔལ་འབྱོར་ལའང་རང་དབང་ཉོ་ཚོང་གི་སྒྲིག་ལམ་ལས་ཁེ་ཕན་ཐོབ་ཡོད་ཟེར། རྒྱལ་ཁབ་གང་ཡིན་ཡང་གལ་ཏེ་རང་ཉིད་ལ་ལྡན་པའི་ཁྱད་སྟོབས་དེ་མཚོན་ཆ་ཅན་དུ་བསྒྱུར་ན། ཞི་བདེའི་རང་དབང་ཉོ་ཚོང་མ་ལག་ལ་གཏོར་བརླག་གཏོང་ངེས་པ་ཁོ་ཐག་ཡིན་ཟེར། 

ཁོས་བཤད་རྒྱུར། འདས་སོང་ལ་ཕྱིར་དྲན་བྱེད་པ་ནི་དེར་འདས་སོང་ལ་འཐམས་པའི་ཆེད་མིན་པར། སྔར་ལས་ལྷག་པའི་སྒོ་ནས་མ་འོངས་པར་ཁ་ཕྱོགས་པའི་ཆེད་ཡིན། འཇར་པན་གྱིས་སྔོན་ཆད་ཁྱིམ་མཚེས་རྒྱལ་ཁབ་ནས་བཟོས་པའི་ནོར་འཆུག་ལ་བསམ་བློ་བཏང་སྟེ། ལག་རྡང་མཉམ་སྦྲེལ་གྱིས་ཨེ་ཤ་ཡཱ་ཤར་མའི་ཞི་བདེ་དང་དར་རྒྱས་གསར་སྐྲུན་བྱེད་དགོས་ཟེར། 

ཝུན་ཙེ་ཡུན་གྱིས་ན་ནིང་ཧན་གོས་ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྤེལ་རྗེས། སང་ལོར་ཏུང་ཅིན་དབྱར་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྤེལ་རྒྱུ་ཡིན་ལ། ཉིས་སྟོང་ཉེར་གཉིས་ལོར་པེ་ཅིང་གིས་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྤེལ་རྒྱུ་རེད། དེ་ནི་ལོ་རྒྱུས་སྟེང་ཨེ་ཤ་ཡཱ་ཤར་མའི་རྒྱལ་ཁབ་ཀྱིས་ཐོག་དང་པོར་གཅིག་རྗེས་གཉིས་མཐུད་དུ་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྤེལ་བ་ཡིན་པས། གོ་སྐབས་དེ་དང་བསྟུན་ནས་ཨེ་ཤ་ཡཱ་ཤར་མའི་མཛའ་མཐུན་མཉམ་ལས་ཀྱི་སྒྲོམ་གཞི་སྲ་བརྟན་དུ་གཏོང་དགོས་ཟེར། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།