ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་དམག་ཕྱོགས་ཀྱིས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇབ་རྒོལ་གཡོ་ཇུས་ཤིག་ཕམ་ཉེས་སུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་དམག་ཕྱོགས་ཀྱིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེར་སོ་མཱ་ལིའི་ལྷོ་ཕྱོགས་ཀྱི་ཞེ་པེ་ལེ་ཞོལ་མ་ཀྲིག་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་སྤེལ་བའི་འཇབ་རྒོལ་དོན་རྐྱེན་ཞིག་ཕམ་ཉེས་སུ་བཏང་བ་དང་། འཁྲུག་རྩོད་ཁྲོད་དྲག་ཆས་མི་སྣ་བདུན་རྐྱེན་ལམ་དུ་ཤོར། 

སོ་མཱ་ལིའི་དམག་ཕྱོགས་ཀྱི་མིང་བཤད་མི་འདོད་པའི་མི་སྣ་ཞིག་གིས་བཤད་རྒྱུར། ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་སྐོར་ཞིག་གིས་ཞེ་པེ་ལེ་ཞོལ་མ་ཀྲིག་གི་ཨོ་ཏའེ་ཀི་ལའེ་གྲོང་རྡལ་གྱི་དམག་དོན་རྟེན་ཞིག་གི་ཕྱི་རོལ་ནས་རླངས་འཁོར་འགད་རྫས་འགས་གཏོར་བཏང་སྟེ། རྟེན་གཞི་དེ་བཙན་བཟུང་བྱེད་རྩིས་བྱས། སྲིད་གཞུང་དམག་དཔུང་གིས་འཁྲུག་རྩོད་བྱེད་སྐབས་དྲག་ཆས་ཉེས་ཅན་བདུན་བསད་པ་དང་། མི་བཅུ་ལ་རྨས་ཕོག སྲིད་གཞུང་དམག་དཔུང་གི་མི་བཞིར་རྨས་ཕོག་ཡོད་ཟེར། 

ས་དེའི་སྡོད་དམངས་ཤིག་གིས་གསར་འགོད་པར་བཤད་རྒྱུར། ཁོས་མཐོང་བ་ལྟར་ན་དྲག་ཆས་མི་སྣས་བསྐོར་བའི་འགད་རྫས་དྲུད་པའི་རླངས་འཁོར་བཞི་དམག་དོན་རྟེན་གཞི་དེར་སོང་བ་རེད་ཟེར། 

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་གཟའ་འཁོར་གཅིག་གི་ཡར་སྔོན་དུ་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ལག་ནས་ཨོ་ཏའེ་ཀི་ལའེ་གྲོང་རྡལ་ཕྱིར་འཕྲོག་པ་རེད། 

ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་པ་དང་། འཇབ་རྒོལ་དེ་ལས་དམག་མི་བཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།