མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་ས་ཞིང་ཞན་འགྱུར་ལས་ནམ་ཟླའི་འགྱུར་ལྡོག་ཇེ་སྡུག་ཏུ་གཏོང་སྲིད་པར་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཚེས་བརྒྱད་ཉིན་རི་ནེ་ཝ་ནས་ཁ་ཡིག་ལ་ནམ་ཟླའི་འགྱུར་ལྡོག་དང་ས་ཞིང་ཞེས་པའི་སྙན་ཞུ་སྤེལ་ཏེ། ས་ཞིང་ཞན་འགྱུར་ལས་ནམ་ཟླའི་འགྱུར་ལྡོག་ཇེ་སྡུག་ཏུ་གཏོང་སྲིད་པའི་ཚུལ་བསྟན་པ་དང་། རྒྱལ་ཁབ་སོ་སོས་རྒྱུན་མཐུད་འཕེལ་རྒྱས་ཀྱི་བྱེད་ཐབས་ཀྱིས་ས་ཞིང་བེད་སྤྱོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

སྙན་ཞུ་ལས་བཤད་རྒྱུར། ཞིང་ལས་དང་ནགས་ལས། དེ་མིན་ས་ཞིང་བེད་སྤྱོད་བྱེད་ཐབས་གཞན་པ་ལས་བྱུང་བའི་དྲོད་རླངས་ཀྱིས་མིའི་རིགས་ཀྱི་དྲོད་རླངས་ཕྱིར་གཏོང་གི་སྤྱིའི་ཚད་ཀྱི་བརྒྱ་ཆའི་ཉེར་གསུམ་ཟིན་ཡོད་པ་དང་། ས་ཞིང་གིས་རང་བཞིན་དུ་བསྡུ་ལེན་བྱས་པའི་དབྱང་གཉིས་ཐན་འགྱུར་གྱི་ཁ་གྲངས་དེ་མིའི་རིགས་ཀྱིས་འབར་རྫས་དང་བཟོ་ལས་ཐད་ནས་ཕྱིར་བཏང་བའི་དབྱང་གཉིས་ཐན་འགྱུར་གྱི་ཁ་གྲངས་ཀྱི་སུམ་ཆའི་གཅིག་ཙམ་ཟིན་ཡོད་ཟེར། 

ནགས་ཚལ་གང་འདོད་དུ་བཅད་པ་སོགས་མིའི་རིགས་ཀྱི་བྱ་སྤྱོད་ལས་ཡུལ་རེ་འགའི་ས་ཞིང་བྱེ་མར་གྱུར་ཡོད་པ་དང་། ནམ་ཟླའི་འགྱུར་ལྡོག་ལས་ཀྱང་ས་ཁུལ་རེ་འགའི་སྐམ་སའི་སྐྱེ་ཁམས་མ་ལག་ལ་འགྱུར་བ་བཏང་ཡོད། འབྲེལ་ཡོད་ཀྱི་ས་ཞིང་ཞན་འགྱུར་ལས་རླུང་ཁམས་ཆེན་མོའི་ཁྲོད་ཀྱི་དབྱང་གཉིས་ཐན་འགྱུར་གྱི་འདུས་ཚད་ཇེ་མང་དུ་འགྲོ་སྲིད་པ་དང་། དེ་ལས་ནམ་ཟླའི་འགྱུར་ལྡོག་གནས་བབ་ཇེ་སྡུག་ཏུ་འགྲོ་སྲིད་པ་རེད། 

སྙན་ཞུ་ལས་རྒྱལ་ཁབ་སོ་སོས་ས་ཞིང་བེད་སྤྱོད་བྱེད་ཐབས་ལེགས་བཅོས་བྱས་ཏེ། ཚད་བརྒལ་འཛད་སྤྱོད་དང་འབྲུ་རིགས་ཆུད་ཟོས་སུ་གཏོང་བ་ཇེ་ཉུང་དུ་གཏོང་བ་དང་། ནགས་ཚལ་ལ་གཏོར་བརླག་གཏོང་བར་སྔོན་འགོག་བྱེད་དགོས་པར་མ་ཟད། ཕྱོགས་བསྡུས་བྱེད་ཐབས་སྤྱད་དེ་ས་ཞིང་དང་འབྲེལ་བའི་དྲོད་རླངས་ཕྱིར་གཏོང་གི་ཚད་ཇེ་ཉུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་། སྙན་ཞུ་ལས་བཤད་རྒྱུར། རྒྱུན་མཐུད་འཕེལ་རྒྱས་ཀྱི་བྱེད་ཐབས་ཀྱིས་ས་ཞིང་བེད་སྤྱོད་བྱས་ན། མིའི་རིགས་ཀྱིས་ནམ་ཟླའི་འགྱུར་ལྡོག་དང་འབྲེལ་ཡོད་ཉེན་ཁ་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་ཟེར། 

སྙན་ཞུ་དེ་ལས་རྒྱལ་ཁབ་ལྔ་བཅུ་ལྷག་གི་ཞིབ་འཇུག་མི་སྣས་མཉམ་དུ་བྲིས་པ་ཡིན་ལ། ཚེས་བདུན་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་ཆོག་མཆན་ཐོབ་ཡོད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།