ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱིས་རྒྱ་གར་བར་གྱི་ཕྱི་ཕྱོགས་འབྲེལ་བའི་རིམ་པ་ཇེ་དམའ་རུ་བཏང་སྟེ་ཕྱོགས་གཉིས་ཀྱི་ཉོ་ཚོང་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་རྒྱ་གར་བར་གྱི་ཕྱི་ཕྱོགས་འབྲེལ་བའི་རིམ་པ་ཇེ་དམའ་རུ་བཏང་སྟེ་ཕྱོགས་གཉིས་ཀྱི་ཉོ་ཚོང་མཚམས་འཇོག་རྒྱུ་ཐག་བཅད་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན·ཧན་གྱིས་ཉིན་དེར་ཙུང་ལིའི་བཞུགས་ཤག་ནས་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། རྒྱ་གར་སྲིད་གཞུང་གི་ཕྱོགས་གཅིག་གི་ཁྲིམས་འགལ་འགུལ་སྐྱོད་ལས་བྱུང་བའི་ཛ་དྲག་གི་གནས་བབ་དང་། རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ། རྒྱ་གར་དང་ཕཱ་ཁི་སི་ཐན་གྱི་དོན་དངོས་ཚོད་འཛིན་ལམ་ཐིག་གི་གནས་བབ་ལ་གྲོས་བསྡུར་བྱས་ཟེར། 

གསལ་སྒྲོག་ལས་ཕྱོགས་གཉིས་ཀྱི་བཀོད་སྒྲིག་ལ་སྐྱོན་བརྗོད་བྱེད་པ་དང་། གནས་ཚུལ་དེ་མཉམ་འབྲེལ་རྒྱལ་ཚོགས་དང་ལས་འཛིན་ལྷན་ཚོགས་ལ་སྙན་ཞུ་བྱེད་པ། ད་ལོའི་ཟླ་བརྒྱད་པའི་ཚེས་བཅུ་བཞིའི་ཉིན་ཕཱ་ཁི་སི་ཐན་གྱི་རང་བཙན་ཉིན་མོར། ཁི་ཧྲི་མུས་ཨར་ས་ཁུལ་གྱི་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་རང་ཐག་གཅོད་པའི་དབང་ཆ་བརྩོན་ལེན་བྱེ་པའི་དྲང་བདེན་འཐབ་རྩོད་སྤེལ་བ་བཅས་འགུལ་སྐྱོད་སྣ་གསུམ་སྤེལ་རྒྱུ་ཁྱབ་སྒྲོག་བྱས། 

དེ་ལས་གཞན་གསལ་སྒྲོག་ལས་ད་རུང་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་རྒྱ་གར་གྱི་རང་བཙན་ཉིན་མོ་དེ་ཕཱ་ཁི་སི་ཐན་གྱི་བཀྲ་མི་ཤིས་པའི་ཉིན་མོར་གཏན་འཁེལ་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། དབྱེ་མུའུ་ལན·ཧན་གྱིས་དམག་དཔུང་གིས་དོགས་ཟོན་མཐོར་འདེགས་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་ཟེར། 

ཕཱ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ལྟར། ཕཱ་ཁི་སི་ཐན་དུ་སྡོད་པའི་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་དངོས་སུ་མཐར་སྐྲོད་གཏོང་རྒྱུ་དང་། རྒྱ་གར་དུ་སྡོད་པའི་ཕཱ་ཁི་སི་ཐན་གྱི་གཞུང་ཚབ་ཆེན་མོ་ཕྱིར་འབོད་རྒྱུ་ཐག་བཅད་ཡོད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།