ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཁི་ཧྲི་མུས་ཨར་གནད་དོན་ཐད་ནས་རང་ཚོད་འཛིན་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་ལྔ་ཉིན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁི་ཧྲི་མུས་ཨར་ས་ཁུལ་དུ་བྱུང་བའི་ཛ་དྲག་གི་གནས་བབ་ལ་དོ་སྣང་ཟབ་མོ་བྱེད་བཞིན་ཡོད་པར་མ་ཟད། ཕྱོགས་ཁག་སོ་སོས་རང་ཚོད་འཛིན་དགོས་པའི་རེ་བ་བཏོན་ཡོད་ཟེར། 

ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་གར་སྲིད་གཞུང་གིས་དེའི་སྔོན་རྩ་ཁྲིམས་ལས་རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་ལ་དམིགས་བསལ་གྱི་གོ་གནས་བྱིན་པའི་འབྲེལ་ཡོད་གནས་ཚུལ་རྒྱུས་ལོན་བྱུང་ཡོད་པ་དང་། རྒྱ་གར་དང་ཕཱ་ཁི་སི་ཐན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་དོན་ལྟ་ཞིབ་ཚན་ཆུང་གིས་ཀྱང་སྤྱི་ཁྱབ་པུའུ་ལ་ཚོད་འཛིན་ལམ་ཐིག་ས་ཁུལ་དུ་དམག་མི་ཁ་སྣོན་བྱེད་པའི་གནས་ཚུལ་སྙན་ཞུ་བྱས་ཡོད་ཟེར། 

རྒྱ་གར་སྲིད་གཞུང་གིས་ཚེས་ལྔ་ཉིན་མིག་སྔར་ལག་བསྟར་བྱེད་པའི་རྩ་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་དང་བདུན་ཅུ་བ་རྩིས་མེད་དུ་བཏང་སྟེ། རྩ་ཁྲིམས་ལས་རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁི་ཧྲི་མུས་ཨར་ས་ཁུལ་གྱི་དམིགས་བསལ་གོ་གནས་མེད་པར་བྱས། དེའི་སྔོན་རྒྱ་གར་གྱི་རྩ་ཁྲིམས་ཀྱི་དོན་ཚན་སུམ་བརྒྱ་དང་བདུན་ཅུ་བའི་ནང་། རྒྱལ་སྲུང་དང་ཕྱི་འབྲེལ། འཕྲིན་གཏོང་སོགས་ཁྱབ་ཁོངས་ལས་གཞན། རྒྱ་གར་གྱི་རྩ་ཁྲིམས་ཁྲོད་ཀྱི་གཏན་འཁེལ་ཚང་མ་ས་ཁུལ་དེར་འོས་འཚམ་མིན་པའི་གཏན་འཁེལ་བྱས་ཡོད། དོན་ཚན་དེ་རྩིས་མེད་དུ་བཏང་རྗེས་རྒྱ་གར་གྱི་རྩ་ཁྲིམས་རྩོད་གཞིར་གྱུར་བའི་ས་ཁུལ་དེར་ལག་བསྟར་བྱེད་རྒྱུ་རེད། 

ཕཱ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྒྱ་གར་སྲིད་གཞུང་གིས་གོང་གི་ཆོད་དོན་དེ་སྤེལ་བར་རྒོལ་གཏམ་དྲག་པོ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། རྒྱ་གར་སྲིད་གཞུང་གི་ཕྱོགས་གཅིག་གི་བྱེད་ཐབས་གང་ཡིན་ཡང་ས་ཁུལ་དེར་རྩོད་གཞི་ཡོད་པའི་དོན་དངོས་བསྒྱུར་ཐབས་མེད། རྩོད་གཞིར་གྱུར་བའི་ས་ཁུལ་ལ་འབྲེལ་བ་ཡོད་པའི་ཆ་ནས་ཕཱ་ཁི་སི་ཐན་གྱིས་བྱེད་ཐབས་གང་རུང་སྤྱད་དེ་རྒྱ་གར་གྱིས་ཁྲིམས་འགལ་བྱེད་ཐབས་སྤྱོད་པར་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།