ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཨ་མེ་རི་ཁས་ཉིས་སྟོང་བཅུ་དགུ་ལོའི་ལོ་སྨད་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོ་དང་ཨ་མེ་རི་ཁས་ཚེས་ལྔ་ཉིན་ཉིས་སྟོང་བཅུ་དགུ་ལོའི་ལོ་སྨད་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་པ་དང་། དམག་དོན་སྦྱོང་བརྡར་དེ་བཀོད་འདོམ་ཁང་ནས་རྩིས་འཁོར་ལད་བཟོའི་རྣམ་པས་སྤེལ་རྒྱུ་རེད། 

ཧན་གོའི་དམག་ཕྱོགས་ཀྱི་མིང་བཤད་མི་འདོད་པའི་མི་སྣ་ཞིག་གིས་བཤད་རྒྱུར། ཚེས་ལྔ་ཉིན་ནས་ཚེས་བརྒྱད་ཉིན་བར་ཧན་གོ་དང་ཨ་མེ་རི་ཁས་བྱེ་བྲག་གི་དཀྲུག་འཕེན་སྣ་ཚོགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པར་འབྲེལ་བའི་ཉམས་ཉེན་དོ་དམ་གྱི་ཇུས་འདོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་པ་དང་། དེའི་རྗེས་སུ་ཚེས་བཅུ་གཅིག་ཉིན་ནས་བཟུང་ཁྲའོ་ཞན་ཕྱེད་གླིང་གི་འཐབ་འཛིང་རྣམ་པས་མཚོན་པའི་དངོས་གཞིའི་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་ལ། དངོས་གཞིའི་དམག་དོན་སྦྱོང་བརྡར་དེ་ཧ་ལ་གཟའ་འཁོར་གཉིས་རིང་སྤེལ་རྒྱུ་རེད་ཟེར། 

ཧན་གོའི་དམག་ཕྱོགས་ཀྱིས་ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་མིང་དང་ཉིན་རིམ། གཞི་རྒྱ་བཅས་གསལ་བོར་བསྒྲགས་མེད། ཉིན་དེའི་སྔ་དྲོར་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། ཧན་གོའི་དམག་ཕྱོགས་ཀྱི་མཉམ་འབྲེལ་ཇུས་འདོན་པུའུ་སྤྱི་སྒྲོག་ཁང་གི་མགོ་བ་ཅིན་ཅོན་ལོ་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། འཐབ་འཁྲུག་བྱེད་སྐབས་འཐབ་འཁྲུག་གི་བཀོད་འདོམ་དབང་ཆ་བརྒྱུད་སྤྲོད་བྱེད་པ་མངོན་འགྱུར་བྱེད་པ་དང་། ཧན་གོའི་གཞི་རྩའི་འཐབ་འཁྲུག་ནུས་པར་ཞིབ་བེར་བྱེད་ཆེད། ཧན་གོའི་དམག་ཕྱོགས་ཀྱིས་ལོ་སྨད་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། གོ་སྐབས་བཙལ་ནས་དམག་དོན་སྦྱོང་བརྡར་གྱི་མིང་སོགས་ནང་དོན་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། 

ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གསར་བ་ཨེ་སི་པའོ་ཡིས་ཚེས་དགུའི་ཉིན་ཧན་གོར་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། སྐབས་ཐོག་དེར་ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་དངོས་གཞིའི་དམག་དོན་སྦྱོང་བརྡར་གྱི་མིང་དང་ཉིན་རིམ་ཁྱབ་སྒྲོག་བྱེད་ངེས་རེད་ཟེར།   །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།