མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གི་དམག་སྤྱི་ཡིས་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དཔོན་དམག་གི་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་གཟེངས་བསྟོད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་གི་དམག་སྤྱི་ཏི་ཨར་ཁི་ཨར་གྱིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་སྒར་སར་རྟོག་ཞིབ་བྱས་ཏེ། ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དཔོན་དམག་གི་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་གཟེངས་བསྟོད་བྱས། 

ཏི་ཨར་ཁི་ཨར་ཉིན་དེར་ཀྲུང་གོའི་སྐོར་ཐེངས་བཅོ་བརྒྱད་པའི་ལེ་པཱ་ནུན་གྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་བཀོད་འདོམ་ཁང་དུ་ཡོང་བ་དང་། ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་དཔོན་དམག་དག་གིས་ཏི་ཨར་ཁི་ཨར་ལ་ལེ་པཱ་ནུན་དུ་སྡོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་ལོ་ངོ་བཅུ་གསུམ་རིང་གི་བྱ་བའི་གྲུབ་འབྲས་མཚམས་སྦྱོར་བྱས་པ་དང་། འགད་རྫས་གཏོར་ལེན་སྒྲིག་ཆས་འགྲེམ་སྟོན་བྱས་པར་མ་ཟད་ཡུལ་དངོས་ནས་ས་འོག་འགད་རྫས་གཏོར་ལེན་བྱེད་པའི་བྱ་བའི་ཚད་ལྡན་ལས་རིམ་འཁྲབ་སྟོན་བྱས། 

ཏི་ཨར་ཁི་ཨར་གྱིས་བཤད་རྒྱུར། ང་རང་ཁྱོད་ཚོའི་བྱ་བར་ཧ་ཅང་ཡིད་ཚིམས་ཡོད་པ་དང་། ཁྱོད་ཚོས་ཀྲུང་གོའི་དམག་མིའི་འགན་འཁྲིའི་བསམ་བློ་དང་ཆེད་ལས་རང་བཞིན། གཏོང་ཕོད་སྙིང་སྟོབས་བཅས་མངོན་པར་བྱས་ཡོད། ངས་ཁྱོད་ཚོས་བཞག་པའི་བྱས་རྗེས་ལ་བཀའ་དྲིན་ཞུ་བཞིན་ཡོད་ཟེར། 

ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དཔོན་དམག་གིས་དབྱུག་རྩལ་དང་གྲི་རྩལ་སོགས་ཀྲུང་གོའི་སྲོལ་རྒྱུན་དྲག་རྩལ་འཁྲབ་སྟོན་བྱས། ཏི་ཨར་ཁི་ཨར་གྱིས་དེར་བལྟས་རྗེས་གཟེངས་བསྟོད་བྱས་པ་དང་། རང་འགུལ་གྱིས་ཁོ་ཚོ་དང་མཉམ་དུ་དྲན་རྟེན་འདྲ་པར་བླངས། 

ཏི་ཨར་ཁི་ཨར་གྱིས་མཇུག་མཐར་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་ཕྱག་བྲིས་གནང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པཱ་ནུན་དུ་སྡོད་པའི་གནས་སྐབས་དམག་དཔུང་ལ་ཀྲུང་གོའི་ཞི་བདེ་སྲུང་སྐྱོབ་དམག་མི་ཡོད་པས་དགའ་སྤྲོ་སྐྱེས་ཡོད་ཟེར། 


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།