ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཙུང་ལི་ཡིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་རྩིས་མེད་དུ་གཏོང་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་བསྟན་དོན། དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་བྱེད་ས་གང་ཡིན་རྩིས་མེད་དུ་གཏོང་མི་སྲིད་པ་དང་། དེའི་ཞོར་དུ་མ་འོངས་པའི་ལོ་འགའི་ནང་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་ཡིའུ་ཐེ་བའི་གཏན་སྡོད་མཁན་ལ་ཁང་བ་སྟོང་བརྒྱད་ཙམ་གསར་དུ་ལས་རྒྱུའི་འཆར་གཞི་ཡོད་ཟེར། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཕཱ་ལེ་སི་ཐན་གྱི་པའོ་ལེ་ཧིན་གྲོང་ཁྱེར་ཉེ་འདབས་ཀྱི་ཨེ་ཧྥོ་ལཱ་ཐི་ཡིའུ་ཐེ་བའི་གཏན་སྡོད་བྱེད་སར་རྟོག་ཞིབ་བྱེད་སྐབས་བསྟན་དོན། དབྱི་སི་རལ་དང་ཕཱ་ལེ་སི་ཐན་ཕྱོགས་གཉིས་ཀྱིས་མ་འོངས་པར་ཞི་བདེའི་གྲོས་མཐུན་འགོད་མ་ཐུབ་ཀྱང་། ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གང་རུང་རྩིས་མེད་དུ་གཏོང་མི་སྲིད་པ་དང་། ཡིའུ་ཐེ་བའི་གཏན་སྡོད་མཁན་སུ་ཡིན་ཡང་ཕྱིར་འཐེན་བྱེད་པའི་རེ་བ་འདོན་མི་སྲིད་ཟེར། 

ཉིན་དེར་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ད་རུང་དྲ་ངོས་སུ་བསྟན་དོན། མ་འོངས་པའི་ལོ་འགའི་ནང་། དབྱི་སི་རལ་སྲིད་གཞུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་མཁན་ལ་སྡོད་ཁང་སྟོང་བརྒྱ་ཙམ་གསར་དུ་ལས་རྒྱུ་ཡིན་ཟེར། 

ཉིན་དེའི་སྔ་དྲོར་མིང་བཤད་མི་འདོད་པའི་དབྱི་སི་རལ་སྲིད་གཞུང་གི་དཔོན་རིགས་ཤིག་གིས་བཤད་རྒྱུར། དབྱི་སི་རལ་གྱི་ནེ་ཀི་ཡིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱིCཁུལ་ནས་ཕཱ་ལེ་སི་ཐན་གྱི་མི་ལ་ཁང་བ་བདུན་བརྒྱ་ལས་པར་ཆོག་མཆན་བཀོད་པ་དང་། དེའི་ཞོར་དུ་ས་ཁུལ་དེ་ནས་ཡིའུ་ཐེ་བའི་གཏན་སྡོད་མཁན་ལ་ཁང་བ་སྟོང་དྲུག་གསར་དུ་ལས་པར་ཆོག་མཆན་བཀོད་ཡོད་ཟེར། 

དུས་ཡུན་རིང་བོར་ཕཱ་ལེ་སི་ཐན་གྱི་བཙན་བཟུང་བྱས་པའི་མངའ་ཁོངས་ཀྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་གྱི་གནས་ཚུལ་ལ་དོ་སྣང་བྱེད་པའི་གཡོན་ཕྱོགས་རྩ་འཛུགས་ད་ལྟའི་ཞི་བདེ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ནེ་ཀི་ཡིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱིCཁུལ་ནས་ཕཱ་ལེ་སི་ཐན་གྱི་མི་ལ་ཁང་བ་ལས་པ་ནི་རྩེད་མཚར་ཙམ་ཡིན་པ་དང་། ཁོ་ཚོསCཁུལ་དུ་འཚོ་བ་རོལ་བའི་ཕཱ་ལེ་སི་ཐན་གྱི་མི་ལ་ངེས་པ་དོན་གྱི་རོགས་སྐྱོར་འདོན་སྤྲོད་བྱེད་མི་སྲིད་ཟེར། 

དབྱི་སི་རལ་དང་ཕཱ་ལེ་སི་ཐན་ཕྱོགས་གཉིས་ཀྱིས་གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོར་བཀོད་པའི་གྲོས་མཐུན་ལྟར་ན། ཅོར་ཏན་གཙང་བོའི་ནུབ་འགྲམ་དེABCབཅས་ཁུལ་གསུམ་དུ་བགོས་ཡོད་པ་དང་། Aཁུལ་ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཚོད་འཛིན་བྱེད་པ་དང་། Bཁུལ་ཕྱོགས་གཉིས་ཀྱིས་མཉམ་དུ་དོ་དམ་བྱེད་ལ། Cཁུལ་དབྱི་སི་རལ་ཕྱོགས་ཀྱིས་ཚོད་འཛིན་བྱེད་བཞིན་ཡོད། Cཁུལ་གྱི་རྒྱ་ཁྱོན་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་བརྒྱ་ཆའི་དྲུག་ཅུ་ཟིན་ཡོད་ལ། ད་ལྟ་ཡིའུ་ཐེ་བའི་གཏན་སྡོད་མཁན་འབུམ་བཞི་དང་ཁྲི་ལྔ་ཙམ་དང་ཕཱ་ལེ་སི་ཐན་གྱི་མི་འབུམ་གཉིས་དང་ཁྲི་ལྔ་ལྷག་འཚོ་སྡོད་བྱེད་བཞིན་ཡོད། 

དབྱི་སི་རལ་གྱིས་ཡེ་ལུའུ་སཱ་ལེམ་ཤར་མ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་འདུས་པའི་ཕཱ་ལེ་སི་ཐན་གྱི་བཙན་བཟུང་བྱས་པའི་ས་ཁོངས་སུ་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་འཛུགས་སྐྲུན་བྱས་པ་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པར་བར་ཆད་བཟོ་བའི་བཀག་རྒྱ་གཙོ་བོ་ཞིག་ཡིན་པར་བསམ་བཞིན་ཡོད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།