ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱིས་རྒྱ་གར་གྱི་ཕྱི་འབྲེལ་དཔོན་རིགས་བོས་ནས་རྒྱ་གར་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བཟོས་པར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དགུའི་ཉིན་ཕཱ་ཁི་སི་ཐན་དུ་སྡོད་པའི་རྒྱ་གར་གྱི་མཐོ་རིམ་ཆེད་དོན་པ་ཨ་ལུའུ་ཝ་ལེ་ཡཱ་བོས་ཏེ། རྒྱ་གར་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཁི་ཧྲི་མུས་ཨར་ས་ཁུལ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་སྤེལ་ཏེ་ཕཱ་ཁི་སི་ཐན་ཕྱོགས་ཀྱི་མི་སྣར་ཤི་རྨས་ཐེབས་པར་ངོ་རྒོལ་བྱས་པ་དང་། རྒྱ་གར་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱིས་ཉིས་སྟོང་གསུམ་ལོར་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་བརྩི་སྲུང་བྱེད་དགོས་པའི་རེ་བ་བཏོན། 

ཕཱ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར། རྒྱ་གར་དམག་དཔུང་གིས་ཁི་ཧྲི་མུས་ཨར་ས་ཁུལ་དུ་མཚོན་ཆ་ཆེ་གྲས་བཀོལ་ནས་ཕཱ་ཁི་སི་ཐན་གྱི་སྡོད་དམངས་འདུས་སྡོད་ཁུལ་དུ་འཇབ་རྒོལ་བྱས་ཏེ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་ལ་རྨས་ཕོག་ཡོད་ཟེར། 

ཕཱ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་བསྒྲགས་པ་ལྟར་ན། ཕཱ་ཁི་སི་ཐན་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དགུའི་ཉིན་ཨ་ལུའུ་ཝ་ལེ་ཡཱ་ལ་ཐུག་འཕྲད་བྱེད་སྐབས་དོན་དེའི་ཐད་ནས་རྒོལ་གཏམ་བཏང་བ་དང་། རྒྱ་གར་ཕྱོགས་ཀྱིས་ཉིས་སྟོང་གསུམ་ལོར་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། རྒྱ་གར་ཕྱོགས་ཀྱིས་རྒྱ་གར་དང་ཕཱ་ཁི་སི་ཐན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་དོན་ལྟ་ཞིབ་རྩ་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཞིར་བཟུང་ནས་དེའི་ནུས་པ་འདོན་པར་ཆོག་མཆན་འགོད་དགོས་པའི་སྐུལ་མ་བཏང་།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།