ཐུར་ཁེའི་ཕྱི་འབྲེལ་དཔོན་པོ་ཞིག་ལ་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་ནས་མེ་མདའ་ཕོག་སྟེ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་བདེ་འཇགས་སྡེ་ཁག་གིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཨེ་ཨར་པུས་ལེ་ནས་ཉིན་དེར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་བ་དང་། ཨེ་ཨར་པུས་ལེ་རུ་སྡོད་པའི་ཐུར་ཁེའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་པོ་གཅིག་དང་བཅས་པའི་མི་གཉིས་རྐྱེན་ལམ་དུ་ཤོར། 

ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་བདེ་འཇགས་སྡེ་ཁག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ཨེ་ཨར་པུས་ལེ་གྲོང་ཁྱེར་གྱི་ཟ་ཁང་ཞིག་ནས་བྱུང་བ་དང་། ཐོབ་ཐང་གསལ་བོར་མི་ཤེས་པའི་མེ་མདའ་བཟུང་བའི་མི་ཞིག་གིས་ཟ་ཁང་དུ་འགྲུལ་བ་དག་ལ་མེ་མདས་བརྒྱབ་སྟེ། ཨེ་ཨར་པུས་ལེ་རུ་སྡོད་པའི་ཐུར་ཁེའི་གཞུང་ཚབ་ཁང་གི་ཕྱི་འབྲེལ་དཔོན་པོ་གཅིག་དང་དབྱི་རག་གི་མི་སེར་དཀྱུས་མ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སེར་དཀྱུས་མ་གཅིག་ལ་རྨས་ཕོག་ཡོད་ཟེར། 

ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་བདེ་འཇགས་སྡེ་ཁག་གིས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། དོན་རྐྱེན་དེར་མྱུར་མོར་རྟོག་ཞིབ་བྱེད་མགོ་བརྩམས། དབྱི་རག་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་སཱ་ཧཱ་ཧྥུའུ་ཡིས་གསལ་སྒྲོག་ལས་བཤད་རྒྱུར། ང་ཚོས་ཨེ་ཨར་པུས་ལེ་ཡི་མི་དམངས་དང་། ཁྱད་པར་དུ་ཕྱི་འབྲེལ་དཔོན་པོ་དག་ལ་མི་སུ་ཡིན་ཡང་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་གཏོར་བརླག་བྱེད་མི་རུང་ཁག་ཐེག་བྱས་པ་ཡིན་ཟེར། 

མིང་བཤད་མི་འདོད་པའི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་བདེ་འཇགས་དཔོན་པོ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དོན་རྐྱེན་དེ་བྱུང་རྗེས་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱི་བདེ་འཇགས་དམག་དཔུང་གིས་འབྲེལ་ཡོད་ས་ཁུལ་བཀག་སྡོམ་བྱས་ཏེ། ཡུལ་དངོས་ནས་བྲོས་བྱོལ་བྱས་པའི་འཇབ་རྒོལ་མཁན་འཛིན་བཟུང་བྱེད་མགོ་བརྩམས་པར་མ་ཟད། ཨེ་ཨར་པུས་ལེ་ས་ཁུལ་གྱི་བགྲོད་ལམ་ཡོད་ཚད་ཀྱི་བདེ་སྲུང་བྱེད་ཐབས་ལ་ཤུགས་སྣོན་བྱས་ཡོད་ཟེར། 

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་ཕྱི་འབྲེལ་དཔོན་པོ་ཞིག་དབྱི་རག་གི་ཨེ་ཨར་པུས་ལེ་གྲོང་ཁྱེར་གྱི་ཟ་ཁང་ཞིག་ནས་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས་པ་དང་། གསལ་སྒྲོག་ལས་དབྱི་རག་སྲིད་གཞུང་དང་ཨེ་ཨར་པུས་ལེ་གྲོང་ཁྱེར་གྱིས་མྱུར་མོར་ལག་དམར་འཛིན་བཟུང་བྱེད་དགོས་པའི་སྐུལ་མ་བཏང་། 


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།