ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཝུའུ་ཁི་ལན་གྱིས་མེན་སི་ཁིའི་གྲོས་མཐུན་ལག་བསྟར་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉེ་སྔོན་བསྟན་དོན། མེན་སི་ཁིའི་གྲོས་མཐུན་གྱིས་ཞི་བའི་སྒོ་ནས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཐད་གཞན་གྱིས་བསྒྲུན་དུ་མེད་པའི་ནུས་པ་ཐོན་བཞིན་ཡོད་པས། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་ཟོལ་མེད་སྒོས་མེན་སི་ཁིའི་གྲོས་མཐུན་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སིའི་ཁུངས་ལུང་དང་དོན་དངོས་ཞེས་པའི་ཚགས་པར་གྱིས་ཚེས་བཅུ་བདུན་ཉིན་བཀོད་པའི་བཅར་འདྲིའི་ནང་བཤད་རྒྱུར། མེན་སི་ཁིའི་གྲོས་མཐུན་ནི་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ཡིག་ཆ་ཡིན་པ་དང་། ཝུའུ་ཁི་ལན་སྔོན་ཆད་ཀྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡི་ཏོན་པཱ་སིའི་སྲིད་ཇུས་ཡང་དག་མིན་པ་དང་། ད་ལྟའི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་མེན་སི་ཁིའི་གྲོས་མཐུན་ལག་བསྟར་བྱེད་པ་དེ་ཏོན་པཱ་སིའི་སྲིད་ཇུས་ཀྱི་རྨང་གཞིར་བྱེད་དགོས་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་ཡིས་ཏོན་ནེ་ཚི་ཁི་ཀྲིག་དང་ལུའུ་ཀན་སི་ཁི་ཀྲིག་གི་རང་བཙན་གོ་གནས་ཁས་ལེན་བྱེད་རྩིས་མེད་པ་དང་། མེན་སི་ཁིའི་གྲོས་མཐུན་ཁྲོད་ཝུའུ་ཁི་ལན་སྲིད་གཞུང་གིས་ཀྲིག་དེ་གཉིས་ལ་དམིགས་བསལ་གྱི་གོ་གནས་སྟེར་དགོས་པར་གཏན་འཁེལ་གསལ་བོ་བྱས་ཡོད་ལ། དེའི་ཝུའུ་ཁི་ལན་གྱི་རྩ་ཁྲིམས་སུའང་བཀོད་ཡོད། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་ཏོན་པཱ་སི་ས་ཁུལ་བར་ཐད་ཀར་གྲོས་མོལ་བྱས་ཏེ། ས་ཁུལ་དེའི་མང་ཚོགས་ཀྱིས་ཨུ་རུ་སིའི་སྐད་ཡིག་བེད་སྤྱོད་པ་སོགས་ཁེ་དབང་སྣ་ཚོགས་ལ་འགན་སྲུང་བྱེད་དགོས་ཟེར། 

ཟླ་འདིའི་ཚེས་བཅུ་གཅིག་ཉིན། ཙེ་ལེན་སི་ཅི་ཡིས་ཝུའུ་ཁི་ལན་གྱི་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཏོན་པཱ་སིའི་འཁྲུག་རྩོད་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཕ་རོལ་བའི་མི་སྣ་བཀག་འཇུག་པ་བརྗེ་སྤོར་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།