ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་ཉིས་སྟོང་བཅོ་བརྒྱད་ལོར་འཛམ་གླིང་ཡོངས་སུ་མི་དུང་ཕྱུར་བརྒྱད་དང་བྱེ་བ་གཉིས་ཀྱིས་བཀྲེས་ལྟོགས་མྱངས་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་བཅོ་ལྔ་ཉིན་ཉིག་ཡའོ་ན་ཡོད་པའི་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་འཛམ་གླིང་གི་འབྲུ་རིགས་བདེ་འཇགས་དང་འཚོ་བཅུད་གནས་ཚུལ་ཞེས་པའི་སྙན་ཞུའི་ནང་དུ། ཉེ་བའི་ལོ་འགའི་རིང་ལ་འཛམ་གླིང་ཡོངས་སུ་བཀྲེས་ལྟོགས་མྱངས་པའི་མི་གྲངས་རིམ་བཞིན་ཇེ་མང་དུ་སོང་བ་དང་། ཉིས་སྟོང་བཅོ་བརྒྱད་ལོར་འཛམ་གླིང་ཡོངས་སུ་ཟས་རིགས་ཀྱིས་མ་འདང་བའི་དཀའ་ངལ་བྱུང་བའི་མི་གྲངས་དུང་ཕྱུར་བརྒྱད་དང་བྱེ་བ་གཉིས་ས་ཡ་གཅིག་འབུམ་དྲུག་ལ་བསླེབས་ཞེས་བསྟན་ཡོད།

ཉིན་དེར་སྤེལ་བའི་ཉིས་སྟོང་བཅུ་དགུ་ལོའི་སྙན་ཞུ་ལས་བཤད་རྒྱུར། འཛམ་གླིང་ཡོངས་སུ་བཀྲེས་ལྟོགས་མྱོང་བའི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཁྲོད་ཀྱི་ཟིན་ཚད་དེ་འདས་པའི་ལོ་བཅུ་ཕྲག་འགའི་རིང་ལ་བསྟུད་མར་ཇེ་དམའ་རུ་སོང་བ་དང་། ཉིས་སྟོང་བཅོ་ལྔ་ལོའི་ཚུན་ལ་ཕལ་ཆེར་བརྒྱ་ཆའི་བཅུ་གཅིག་ལས་དམའ་བའི་ཚད་དུ་ཡོད། ཡིན་ནའང་བལྟོས་མེད་མི་གྲངས་ཀྱི་ཆ་ནས་བལྟས་ཚེ། ཉིས་སྟོང་བཅོ་བརྒྱད་ལོར་འཛམ་གླིང་ཡོངས་སུ་བཀྲེས་ལྟོགས་མྱངས་པའི་མི་གྲངས་དུང་ཕྱུར་བརྒྱད་དང་བྱེ་བ་གཉིས་ས་ཡ་གཅིག་འབུམ་དྲུག་ལ་བསླེབས་པ་དང་། གྲངས་ཀ་དེ་ཉིས་སྟོང་བཅུ་བདུན་ལོ་དང་ཉིས་སྟོང་བཅུ་དྲུག་ལོ། ཉིས་སྟོང་བཅོ་ལྔ་བཅས་ལ་སོ་སོར་མི་གྲངས་དུང་ཕྱུར་བརྒྱད་དང་བྱེ་བ་གཅིག་ས་ཡ་གཅིག་འབུམ་བདུན་དང་། དུང་ཕྱུར་བདུན་དང་བྱེ་བ་དགུ་ས་ཡ་དྲུག་འབུམ་ལྔ། དུང་ཕྱུར་བདུན་དང་བྱེ་བ་བརྒྱད་ས་ཡ་ལྔ་འབུམ་བཞི་བཅས་ཡིན་ཟེར།

སྙན་ཞུ་ལས་ད་དུང་འཛམ་གླིང་ཡོངས་ཀྱི་ཉིན་རེར་ཚབས་ཇེ་ཆེར་འགྲོ་བའི་ཚོ་འབུད་པའི་གནད་དོན་ལ་དོ་སྣང་བྱས་ཡོད། སྙན་ཞུ་ལས་བཤད་རྒྱུར། ཚོ་བུད་པར་བརྟེན་ནས་ལོ་རེར་མི་ས་ཡ་བཞི་ཙམ་ཚེ་ལས་འདས་བཞིན་ཡོད་པར་མ་ཟད། ལོ་ཚོད་སོ་སོའི་མི་ཚོགས་ཚང་མ་ཚོ་འབུད་པའི་གནད་དོན་ལ་འཕྲད་ཡོད། དེའི་ནང་དུ་སློབ་ལོའི་དུས་རིམ་གྱི་མི་ཚོགས་ནི་ཚོ་འབུད་པའི་མི་ཚོགས་གཙོ་བོར་གྱུར་ཡོད་ལ། དེའི་རྒྱུ་རྐྱེན་གཙོ་བོ་ནི་སིལ་ཏོག་དང་སྔོ་ཚོད་ཟ་ཚད་ཉུང་བ་དང་། མགྱོགས་ཟས་དང་དབུགས་ལྡན་ཐན་སྐྱུར་གྱི་སྐོམ་ཆུ་འཐུང་བ་མ་ཟད། ལུས་ཕུང་སྦྱོང་བརྡར་མི་བྱེད་པ་བཅས་རེད་ཟེར།

འཛམ་གླིང་འབྲུ་རིགས་དང་འཚོ་བཅུད་གནས་ཚུལ་ཞེས་པའི་སྙན་ཞུ་ནི་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་དང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ་དང་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་བཅས་ཀྱིས་མཉམ་དུ་སྤེལ་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།