ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གིས་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་ལ་སྡོམ་གཅུན་བྱས་ཏེ་དེར་སྲིད་གཞུང་དམག་གི་མགོ་ཁྲིད་དང་ལེན་བྱེད་དུ་བཅུག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་ཙུང་ལི་མའེ་ཏིས་ཧི་ཡིས་ཚེས་གཅིག་ཉིན་བཀའ་ཁྱབ་བསྒྲགས་ནས། ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་ཚང་མས་རང་གི་གཞུང་སྒྲུབ་ལས་ཁུངས་ཀྱི་སྒོ་རྒྱག་དགོས་པ་དང་། དམག་དཔུང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དང་ལེན་བྱེད་དགོས་པའི་རེ་བ་བཏོན།

ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་དེ་དག་ནང་གི་མང་ཆེ་ཤོས་ལ་དབྱི་ལང་གི་རྒྱབ་སྐྱོར་ཐོབ་ཡོད། ཆབ་སྲིད་དབྱེ་ཞིབ་པ་ལ་ལས་བཤད་པ་ལྟར་ན། དབྱི་རག་གི་བྱེད་ཐབས་དེའི་དམིགས་ཡུལ་ནི་ཨ་མེ་རི་ཁར་སེམས་གསོ་བྱེད་པའི་ཆེད་རེད་ཟེར།

མའེ་ཏིས་ཧི་ཡིས་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་ལ་ལམ་གཉིས་བསྟན་ཡོད་དེ། གཅིག་ནི་མིང་རྙིང་བ་བསྐྱུར་བ་དང་ཆབ་སྲིད་ཕྱོགས་ཁག་བར་གྱི་འབྲེལ་མཚམས་བཅད་དེ་དམག་དཔུང་ཁྲོད་དུ་ཁུ་སྡུད་བྱེད་རྒྱུ་དེ་ཡིན་ལ། ཅིག་ཤོས་ནི་མཚོན་ཆ་བསྐྱུར་ནས་ཆབ་སྲིད་ཁྲོད་དུ་ཞུགས་རྒྱུ་དེ་རེད།

བཀའ་ཁྱད་དེ་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ལ། དྲག་ཆས་རྩ་འཛུགས་དེ་དག་གིས་རང་གིས་བཙུགས་པའི་སྤྱིའི་དམག་སྒར་དང་གཞུང་སྒྲུབ་ཁང་། ཞིབ་བཤེར་ས་ཚིགས་བཅས་ཀྱི་སྒོ་རྒྱག་རྒྱུའི་རེ་བ་བཏོན་ཡོད་པ་དང་། དེས་མིན་ཚེ་ཁྲིམས་འགལ་རྩ་འཛུགས་ལ་བརྩི་རྒྱུ་ཡིན་ཟེར།

ཉིས་སྟོང་གསུམ་ལོར་དབྱི་རག་གི་དམག་འཁྲུག་བྱུང་རྗེས། ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་རིམ་བཞིན་སྟོབས་ཇེ་ཆེར་སོང་ནས། དབྱི་རག་གི་སྤྱི་ཚོགས་དང་ཆབ་སྲིད་ཁྲོད་དུ་ནུས་པ་གལ་ཆེན་ཐོན་ཡོད། ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་ཀྱི་མགོ་ཁྲིད་པས་གཙོ་ཁྲིད་བྱས་པའི་འདེམ་བསྐོ་འགྲན་ཞུགས་མནའ་འབྲེལ་དེ་ཉིས་སྟོང་བཅོ་བརྒྱད་ལོའི་གྲོས་ཁང་གི་འདེམ་བསྐོའི་ཁྲོད་དུ་གོ་གནས་མང་པོ་ཐོབ་པའི་ཨང་རིམ་གཉིས་པར་གྱུར་ནས། གྲོས་ཁང་གི་ཏང་ཚོགས་ཆེན་པོ་དང་པོ། ཧྲི་ཡེ་ཕྱོགས་ཁག་གིས་མགོ་ཁྲིད་པའི་མནའ་འབྲེལ་གཞན་པ་ཞིག་དང་མཉམ་འབྲེལ་གྱིས་གྲོས་ཁང་བཙུགས།

དབྱི་རག་གི་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་རྩ་འཛུགས་མང་པོ་དང་དབྱི་ལང་བར་དུ་འབྲེལ་བ་ཟབ་མོ་ཡོད། དེའི་ནང་དུ་ཁ་ཤས་ཀྱིས་དབྱི་ལང་གི་སྦྱོང་བརྡར་དང་རྒྱབ་སྐྱོར་དང་ལེན་བྱེད་བཞིན་པ་དང་། དབྱི་ལང་གི་དབྱི་སི་ལན་གསར་བརྗེ་སྲུང་དམག་རུ་ཁག་གི་ཕྱི་རྒྱལ་དམག་དཔུང་གནས་མཆོག་དམག་དཔུང་ཞེས་པ་དེ་དང་འབྲེལ་འདྲིས་ཡོད།

དབྱི་རག་སྲིད་གཞུང་གིས་ཉིས་སྟོང་བཅུ་དྲུག་ལོར་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་དྲག་ཆས་མི་དམངས་སྐུལ་སློང་རྩ་འཛུགས་ཞེས་པ་དེ་རང་གི་ཁོངས་སུ་བསྡུས་པ་དང་། དྲག་ཆས་རྩ་འཛུགས་དེ་ནི་དམངས་དམག་རྩ་འཛུགས་མང་པོས་གྲུབ་པ་དང་། སྤྱིའི་མི་གྲངས་འབུམ་གཅིག་དང་ཁྲི་བཞི་ལས་བརྒལ་ཡོད།

ཧྲི་ཡེ་ཕྱོགས་ཁག་གི་ཆོས་ལུགས་གཙོ་འཛིན་སཱ་ཏི་ཨར་གྱིས་ཚེས་གཅིག་ཉིན་གྱི་དགོང་མོར་ཙུང་ལིའི་བཀའ་ཁྱབ་ལ་རྒྱབ་སྐོར་བྱས། ཁོས་བཤད་རྒྱུར། ཐག་གཅོད་དེ་ནི་སྟོབས་དང་ལྡན་པའི་རྒྱལ་ཁབ་ཅིག་འཛུགས་པར་ཡང་དག་པའི་གོམ་སྟབས་ཤིག་སྤོས་པ་ཡིན་པས། ཁོའི་མངའ་འོག་གི་ཞི་བདེའི་དམག་དཔུང་ཞེས་པས་བཀའ་ཁྱབ་དེ་ལག་བསྟར་བྱ་རྒྱུ་ཡིན་ཟེར།

དབྱི་རག་ནས་ཉེ་སྔོན་དབྱི་རག་ཏུ་ཡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དང་། དམག་སྒར། ཁེ་ལས་བཅས་ལ་དམིགས་པའི་འཇབ་རྒོལ་མང་པོ་བྱུང་བ་དང་། རྩ་འཛུགས་གཅིག་གིས་ཀྱང་དོན་རྐྱེན་དེ་དག་བཟོས་པ་ཁས་བླངས་མེད།

རྒྱལ་ས་པ་ཀི་ཏའི་བྱང་ཕྱོགས་ཀྱི་སྤྱི་ལེ་བརྒྱད་ཅུའི་མཚམས་སུ་ཡོད་པའི་པ་ལཱ་ཏི་དམག་སྒར་ལ་ཟླ་དྲུག་པར་སྒྱོགས་མདེལ་གྱི་འཇབ་རྒོལ་ཐེབས་པ་དང་། ཨ་མེ་རི་ཁའི་དམག་དཔུང་བསྡད་ཡོད་པའི་དམག་དོན་རྟེན་གཞི་གཞན་པ་གཉིས་ལ་ཡང་ཟླ་དེའི་ནང་དུ་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས། དབྱི་ལང་ལྷོ་ཕྱོགས་ཀྱི་པ་ཧྲི་ལཱ་ཞིང་ཆེན་དུ་ཡོད་པའི་རྡོ་སྣུམ་བཟོ་ལས་ཁུལ་ཞིག་ལ་ཡང་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་པ་དང་། མེ་ཤུགས་འཕུར་མདའ་ཞིག་ཨ་མེ་རི་ཁའི་ནུས་ཁུངས་ཁེ་ལས་ཆེན་པོ་ཨེ་ཁི་སིན་མཱེ་ཧྥུའུ་སྤྱི་གཉེར་ཁང་གི་ལས་བཟོ་པའི་ཉལ་ཁང་གི་འགྲམ་དུ་ཕོག

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་ལྔ་བའི་ཟླ་དཀྱིལ་ནས་བཟུང་དབྱི་ལང་གིས་འཇིགས་སྣང་སློང་བཞིན་པ་རྒྱུ་མཚན་དུ་བྱས་ནས། དབྱི་རག་ཏུ་ཡོད་པའི་གལ་ཆེན་མ་ཡིན་པའི་མི་ཚང་མ་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན། ཨ་མེ་རི་ཁས་གནས་ཚུལ་དེ་བསྒྲགས་ནང་ཅང་མ་འགོར་བར། མེ་ཤུགས་འཕུར་མདའ་ཞིག་པ་ཀི་ཏ་རུ་ཡོད་པའི་ཨ་མེ་རི་ཁའི་དབྱི་རག་ཏུ་སྡོད་པའི་གཞུང་ཚབ་ཁང་གི་ཉེ་འདབས་སུ་ཕོག

ཨ་མེ་རི་ཁའི་དཔོན་རིགས་ཀྱིས་དབྱི་ལང་གིས་རྒྱབ་སྐྱོར་བྱེད་པའི་དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་གིས་འཇབ་རྒོལ་དེ་དག་བསླངས་པ་རེད་ཅེས་བཤད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕེ་ཨོ་ཡིས་ཟླ་ལྔ་པར་གློ་བུར་དུ་དབྱི་རག་ལ་འཚམས་འདྲི་བྱས་ཏེ། དབྱི་རག་སྲིད་གཞུང་གིས་ཧྲི་ཡེ་ཕྱོགས་ཁག་གི་དམངས་དམག་ལ་སྡོམ་གཅུན་བྱེད་རྒྱུའི་རེ་བ་བཏོན། བསྒྲགས་པའི་གནས་ཚུལ་ལྟར་ན། ཕིན་ཕེ་ཨོ་ཡིས་སྐབས་དེར་གལ་ཏེ་ཨ་མེ་རི་ཁའི་སྒྲིག་ཆས་དང་ཡང་ན་མི་སྣར་འཇབ་རྒོལ་ཐེབས་ཚེ། ཨ་མེ་རི་ཁས་དབྱི་རག་ཕྱོགས་ལ་གྲོས་སྡུར་མི་བྱེད་པར་ཐད་ཀར་དུ་རྒོལ་ལན་སྤྲོད་རྒྱུ་ཡིན་ཞེས་བཤད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།