ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཨ་མེ་རི་ཁས་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་རྒྱུན་འཁྱོངས་བྱས་པར་སྐྱོན་བརྗོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་ཉེར་དྲུག་ཉིན་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁས་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་རྒྱུན་འཁྱོངས་བྱས་པར་སྐྱོན་བརྗོད་བྱས་པ་དང་། ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་བཀག་སྡོམ་གནོན་ཤུགས་ལ་མགོ་སྒུར་མི་སྲིད་པ་ནན་བཤད་བྱས་པར་མ་ཟད། ཨ་མེ་རི་ཁས་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་མུ་མཐུད་དུ་གནས་ན་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་ལེགས་བཅོས་བྱེད་པ་དང་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དེ་མངོན་འགྱུར་བྱེད་པར་དཀའ་ཁག་ཡོད་པར་འདོད། 

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། མགྲིན་ཚབ་པ་དེས་བཤད་རྒྱུར། ཨ་མེ་རི་ཁས་ཉེ་སྔོན་མི་སྣ་ལྐོག་འཚོང་བྱས་པའི་སྙན་ཞུ་དང་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་སྙན་ཞུ་སོགས་ཀྱི་ཁྲོད་ནས་ཁྲའོ་ཞན་ལ་དམའ་འབེབ་བྱས་ཡོད་པ་དང་། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཀྱང་ཉེ་སྔོན་ཁྲའོ་ཞན་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་དེས་ཁྲའོ་ཞན་གྱི་དཔལ་འབྱོར་ལ་ཐེབས་པའི་ཤུགས་རྐྱེན་ལྷུག་བརྗོད་བྱས། དེ་ནི་སིང་ག་ཕོར་གྱི་ཁྲའོ་ཞན་དང་ཨ་མེ་རི་ཁའི་མཉམ་འབྲེལ་གསལ་སྒྲོག་ལ་མངོན་སུམ་འཛེམ་མེད་ཀྱིས་འགྲན་བསླངས་པ་ཡིན་ལ། ཁྲའོ་ཞན་དགྲ་རུ་འཛིན་པའི་ཆེས་ཐལ་དྲགས་པའི་བྱ་སྤྱོད་ཅིག་རེད་ཟེར། 

མགྲིན་ཚབ་པ་དེས་བཤད་རྒྱུར། དོན་དངོས་ལས་ར་སྤྲོད་བྱུང་བ་ལྟར་ན། ཨ་མེ་རི་ཁས་བཀག་སྡོམ་གནོན་ཤུགས་ལ་བརྟེན་ནས་ཁྲའོ་ཞན་ལ་མགོ་སྒུར་དུ་འཇུག་འདོད་པའི་ཧམ་སེམས་ལ་འགྱུར་བ་སྤུ་ཙམ་ཡང་བྱུང་མེད་པར་མ་ཟད་དེ་ལས་ཇེ་ཆེར་སོང་ཡོད། ཁྲའོ་ཞན་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་རྣམ་པ་གསར་བའི་འབྲེལ་བ་འཛུགས་པར་འབད་བརྩོན་ཅི་འདྲ་བྱས་ཀྱང་། ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་གཏན་འབེབས་མཁན་གྱིས་ཨ་མེ་རི་ཁའི་ཆབ་སྲིད་བདག་གིར་བཟུང་ན། ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་ལེགས་བཅོས་བྱེད་པ་དང་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་མངོན་འགྱུར་བྱེད་པར་དཀའ་ཁག་ཡོད་ཟེར། 

མགྲིན་ཚབ་པ་དེས་བཤད་རྒྱུར། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་བཤད་པ་ནང་བཞིན་ཁྲའོ་ཞན་གྱིས་བཀག་སྡོམ་མེད་པར་གཏོང་བར་རེ་བ་ཆེན་པོ་བྱས་མེད་ཅིང་། ཁྲའོ་ཞན་ནི་ཨ་མེ་རི་ཁའི་བཀག་སྡོམ་ལ་མགོ་སྒུར་བའི་རྒྱལ་ཁབ་ཅིག་མིན་པ་དང་། ཨ་མེ་རི་ཁས་གང་འདོད་ཀྱིས་གནོད་བསྐྱལ་ཆོག་པའི་རྒྱལ་ཁབ་ཅིག་ཀྱང་མིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།