ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་མི་སྣ་དག་ཨ་མེ་རི་ཁ་ནས་ཁུ་པཱ་རུ་འགྲོ་བར་ཚོད་འཛིན་བྱས་ནས། ཁུ་པཱའི་དམག་ཕྱོགས་དང་བདེ་འཇགས་སྡེ་ཁག་ལ་དེ་ལས་ཁེ་ཕན་ཐོབ་པར་སྔོན་འགོག་བྱེད་རྒྱུ་རེད།
ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་མི་སྣ་དག་མི་གཞུང་སློབ་གསོའི་ཚོགས་ཁག་དུ་བསྒྲིགས་པའི་གནས་སྐོར་གྱི་རྣམ་པས་ཁུ་པཱ་རུ་འགྲོ་བར་གཏན་འགོག་བྱེད་རྒྱུ་ཡིན་པ་དང་། དེ་ལས་གཞན་ཨ་མེ་རི་ཁ་ཕྱོགས་ཀྱིས་མི་སྣ་དག་འགྲུལ་སྐྱེལ་གྲུ་གཟིངས་དང་གནས་སྐོར་གྲུ་གཟིངས། དེ་མིན་མི་སྒེར་དང་ཁེ་ལས་ཀྱི་གནམ་གྲུར་བསྡད་དེ་ཁུ་པཱ་རུ་འགྲོ་བར་ཆོག་མཆན་འགོད་མི་སྲིད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཁུ་པཱའི་གནས་སྐོར་ལས་རིགས་དག་རྒྱལ་ཁབ་དེའི་དམག་ཕྱོགས་དང་བདེ་འཇགས་སྡེ་ཁག་ལ་འབྲེལ་བ་ཟབ་མོ་ཡོད་པ་དང་། ཨ་མེ་རི་ཁའི་ཕྱོགས་ཀྱི་བྱ་སྤྱོད་དེའི་དམིགས་ཡུལ་ནི་ཁུ་པཱའི་དམག་ཕྱོགས་དང་བདེ་འཇགས་སྡེ་ཁག་ལ་དེ་ལས་ཁེ་ཕན་ཐོབ་པར་བཀག་འགོག་བྱེད་ཆེད་ཡིན་ཟེར།
དེའི་སྔོན་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་མི་སྣ་དག་མི་གཞུང་སློབ་གསོའི་ཚོགས་ཁག་དང་བཅས་པའི་གནས་སྐོར་རྣམ་པས་ཁུ་པཱ་རུ་འགྲོ་བར་ཆོག་མཆན་ཐོབ་ཡོད། །