ཀྲུང་གོ་བོད་ཀྱི་དྲ་བ།

​མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་མེད་ཅཱ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་མེད་ཅཱ་ནས་སྤེལ་བ་དང་། སོ་ཏི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེ་མན་དང་ཨ་རབ་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་མང་བོ་གྲོས་ཚོགས་ལ་ཞུགས། 

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཨ་སཱ་ཧྥུའུ་ཡིས་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མཐོ་རིམ་གྲོས་ཚོགས་དེ་གཉིས་ལས་གཙོ་བོ་ཉེ་སྔོན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་མཚོ་ཁོངས་སུ་ཚོང་དོན་གྲུ་གཟིངས་ལ་བསམ་བཞིན་གཏོར་བརླག་ཐེབས་པ་དང་སོ་ཏི་ཨ་རབ་ཀྱི་སྣུམ་འདྲེན་སྦུག་ལམ་ལ་གཏོར་བརླག་ཐེབས་པའི་དོན་རྐྱེན་ལ་གྲོས་བསྡུར་བྱས་ཟེར། ཁོས་བསྟན་དོན། སོ་ཏི་ཨ་རབ་ཀྱི་མཐའ་མཚམས་གྲོང་ཁྱེར་དུ་ཉེ་སྔོན་བསྟུད་མར་ཡེ་མིན་དྲག་ཆས་པའི་འཇབ་རྒོལ་ཐེབས་པ་ད་། མཚོ་ཁུགས་ས་ཁུལ་གྱི་མིག་སྔའི་གནས་བབ་དང་དབྱི་ལིང་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བར་གཞིགས་ན། ཉེ་སྔོན་བྱུང་བའི་འཇབ་རྒོལ་དོན་རྐྱེན་དེ་ལས་བསམ་བཞིན་དུ་གནས་བབ་སྔར་ལས་ཛ་དྲག་ཏུ་བཏང་བ་ཡིན་སྲིད་ཟེར། 

ཨ་སཱ་ཧྥུའུ་ཡིས་བཤད་རྒྱུར། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་དང་དབྱི་ལིང་བར་ཞི་བདེ་དང་མཉམ་ལས་བྱེད་པའི་རེ་འདུན་དྲག་པོ་ཡོད་ཀྱང་། དབྱི་ལིང་གིས་ངེས་པར་དུ་ས་ཁུལ་རང་གི་རྒྱལ་ཁབ་དག་གི་འཇིགས་སྐུལ་རིང་ལུགས་བྱ་འགུལ་ལ་རྒྱབ་སྐྱོར་བྱེད་མཚམས་བཞག་སྟེ། ཨ་རབ་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་སེམས་ཤུགས་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་འགྱུར་བར་བྱེད་དགོས་ཟེར། 

ཨ་སཱ་ཧྥུའུ་ཡིས་བསྟན་དོན། དབྱི་ལིང་གིས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པ་དང་། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་སོགས་ཚོགས་ཁག་གི་རྒྱབ་སྐྱོར་དང་། པཱ་ལིན་སོགས་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་སེམས་ཁུར་བྱེད་བཞིན་ཡོད་ཟེར། ཁོས་ད་རུང་བསྟན་དོན། དབྱི་ལིང་གིས་འཕུར་མདའ་དང་ཉིང་རྡུལ་ནུས་པ་འཕེལ་རྒྱས་སུ་བཏང་ནའང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་དག་ལ་ཐད་ཀར་འཇིགས་ཉེན་བཟོ་སྲིད་ཟེར། 

མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མཐོ་རིམ་གྲོས་ཚོགས་གྲོལ་རྗེས། མཚོ་ཁུགས་ཨ་རབ་རྒྱལ་ཁབ་དག་གི་བར་ཐུན་མོང་གི་ལྟ་ཚུལ་བཀོད་པར་མ་ཟད་མཉམ་འབྲེལ་སྤྱི་སྒྲོག་སྤེལ། སྤྱི་སྒྲོག་ལས་དབྱི་ལིང་གིས་མཚོ་ཁུགས་ས་ཁུལ་གྱི་བདེ་འཇགས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། དབྱི་ལིང་གིས་འཇིགས་སྐུལ་རིང་ལུགས་ལ་རོགས་སྐྱོར་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལིང་ལ་བྱེད་ཐབས་ནན་མོ་སྤྱོད་དགོས་པའི་སྐུལ་མ་བཏང་། 

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ཡིས་བཤད་རྒྱུར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ནས་དབྱི་ལིང་གིས་ཡང་བསྐྱར་ས་ཁུལ་རང་དུ་ཐོན་པའི་ནུས་པར་བསམ་བློ་གཏོང་དགོས་པའི་འབོད་སྐུལ་བཏང་། ཁོས་བསྟན་དོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཨ་རབ་མི་དམངས་ཀྱི་ཁེ་དབང་ལ་བརྩི་འཇོག་བྱེད་པ་དང་། ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྐུལ་འདེད་གཏོང་བར་རྩེ་གཅིག་ཏུ་གཞོལ་བཞིན་ཡོད་ལ། དབྱི་ལིང་གིས་ཨ་རབ་རྒྱལ་ཁབ་དག་གི་ལས་དོན་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།