ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་ནས་ཉོ་ཚོང་གྲོས་མོལ་གྱི་ངོ་བོའི་གནད་དོན་ལ་གྲོས་འཆམ་བྱུང་མེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190528093847a5BW.jpg

ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། འཇར་པན་ཏུང་ཅིན་དུ། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་བྱ་བའི་གུང་ཚིགས་གསོལ་སྟོན་ཚོགས་འདུ་སྤེལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་ཉེར་བདུན་ཉིན་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་མཉམ་དུ་ཏུང་ཅིན་གྱི་མགྲོན་བསུའི་མགྲོན་ཁང་ནས་མགོ་གཙོའི་གྲོས་མོལ་སྤེལ། ཕྱོགས་གཉིས་ཀྱིས་འཇར་པན་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བ་ཁས་ལེན་བྱས་ཀྱང་། འཇར་པན་དང་ཨ་མེ་རི་ཁའི་ཉོ་ཚོང་གྲོས་མོལ་གྱི་ཕྱོགས་གཉིས་ཀྱིས་སེམས་ཁུར་བྱེད་པའི་ངོ་བོའི་རང་བཞིན་གྱི་གནད་དོན་ལ་གྲོས་འཆམ་བྱུང་མེད། 

དེ་ནི་ཨན་པའེ་ཅིན་སན་དང་ཐི་ལིང་ཕུའུ་ཡིས་སྤེལ་བའི་འཇར་པན་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་ཐེངས་བཅུ་གཅིག་པ་ཡིན་ཞིང་། དུས་ཚོད་གསུམ་ཙམ་གྱི་གྲོས་མོལ་མཇུག་སྒྲིལ་རྗེས། ཨ་པའེ་ཅིན་སན་གྱིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ལིན་ཧི་དུས་རབས་སུ་ཞུགས་རྗེས་འཇར་པན་གྱིས་སྔར་བཞིན་ལངས་ཕྱོགས་གསལ་བོའི་སྒོ་ནས་འཇར་པན་དང་ཨ་མེ་རི་ཁའི་མནའ་མཐུན་བར་གྱི་སྲ་བརྟན་གྱི་འབྲེལ་བ་མངོན་པར་བྱེད་རྒྱུ་ཡིན་ཟེར། ཨན་པའེ་ཅིན་སན་གྱིས་འཇར་པན་ཁེ་ལས་ཀྱིས་ཨ་མེ་རི་ཁའི་དཔལ་འབྱོར་ཐད་བཞག་པའི་བྱས་རྗེས་ནན་བཤད་བྱས་པ་དང་། འཇར་པན་དང་ཨ་མེ་རི་ཁའི་དཔལ་འབྱོར་ལ་སྔར་ལས་འཕེལ་རྒྱས་འབྱུང་བར་རེ་སྒུག་བྱེད་བཞིན་ཡོད་པའི་ཚུལ་བསྟན་པར་མ་ཟད། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་འཇར་པན་དང་ཨ་མེ་རི་ཁའི་ཉོ་ཚོང་གྲོས་མོལ་འཕེལ་རིམ་ལ་གྲོས་འཆམ་བྱུང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་པའི་ཚུལ་བསྟན། 

ཐི་ལིང་ཕུའུ་ཡིས་ནན་གྱིས་བསྟན་དོན། ལོ་མང་བོའི་རིང་ལ། འཇར་པན་དང་ཨ་མེ་རི་ཁའི་བར་ཉོ་ཚོང་འདྲ་མཉམ་མིན་པའི་གནད་དོན་ཆེན་པོ་ཡོད་ཅིང་། ཨ་མེ་རི་ཁའི་དམིགས་ཡུལ་ནི་འཇར་པན་གྱི་བར་ཉོ་ཚོང་འགྲོ་སོང་ཇེ་ཉུང་དུ་བཏང་ནས་འཇར་པན་བར་གྱི་ཕྱིར་གཏོང་བཀག་རྒྱ་གཙང་སེལ་བྱེད་རྒྱུ་ཡིན་ཟེར། ཁོས་བསྟན་དོན། ཨ་མེ་རི་ཁ་དང་འཇར་པན་གྱི་ཉོ་ཚོང་གྲོས་མོལ་ལས་རྒྱལ་ཁབ་གཉིས་ལ་མཚོན་ན་ཕན་ཐོགས་ཡོད་པའི་གྲོས་མཐུན་འགོད་ཐུབ་པར་ཡིད་ཆེས་ཡོད་ཟེར། ཐི་ལིང་ཕུའུ་ཡིས་ད་རུང་ཨ་མེ་རི་ཁ་ཡང་བསྐྱར་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་གྲོགས་པོའི་གྲོས་ཆོད་ནང་ཞུགས་པ་ཁས་ལེན་མ་བྱས་དང་། གལ་ཏེ་ཨ་མེ་རི་ཁ་གྲོས་ཆོད་དེར་ཞུགས་ན་རླངས་འཁོར་ཐོན་ལས་ལ་གནོད་པ་ཐེབས་སྲིད་ལ། ཨ་མེ་རི་ཁས་གྲོས་ཆོད་ཀྱི་བཀག་རྒྱ་དེ་ཐེག་མི་སྲིད་ཟེར། 

ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཏཱ་པན་མཐོ་རིམ་གྲོས་ཚོགས་སོགས་གནད་དོན་ཐད་ནས་ལངས་ཕྱོགས་མཐུན་སྦྱོར་བྱས། 

ཉིན་དེའི་སྔ་དྲོར། ཐི་ལིང་ཕུའུ་གོང་མའི་ཕོ་བྲང་དུ་སོང་ནས་འཇར་པན་གྱི་གནམ་བསྐོས་གོང་མ་ཏི་རིན་དང་བཙུན་མོར་ཐུག་འཕྲད་བྱས་པ་དང་། གནམ་བསྐོར་གོང་མ་ཏི་རིན་ཟླ་ལྔ་བའི་ཚེས་གཅིག་ཉིན་སྲིད་ཁྲིད་འཁོད་པའི་ཚུན་ཐུག་འཕྲད་བྱས་པའི་ཕྱི་རྒྱལ་གྱི་མགོ་གཙོ་ཐོག་མར་གྱུར། 

འཇར་པན་སྲིད་གཞུང་གིས་གདན་དྲངས་པ་ལྟར། ཐི་ལིང་ཕུའུ་ཡིས་ཚེས་ཉེར་ལྔ་ཉིན་ནས་བཟུང་འཇར་པན་དུ་དུས་ཡུན་ཉིན་བཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།