ཀྲུང་གོ་བོད་ཀྱི་དྲ་བ།

མེ་གླིང་བྱང་མའི་མཁའ་སྲུང་དམག་སྤྱི་ཁང་གིས་ཨུ་རུ་སིའི་དམག་དོན་གནམ་གྲུ་འགའ་ཨ་ལཱ་སི་ཅཱ་ཉེ་འདབས་ནས་བཀག་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མེ་གླིང་བྱང་མའི་མཁའ་སྲུང་དམག་སྤྱི་ཁང་གིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཨུ་རུ་སིའི་གནམ་གྲུ་འགའ་ཚེས་ཉི་ཤུའི་ཉིན་ཨ་མེ་རི་ཁའི་ཅཱ་ལཱ་སི་ཅཱ་ཀྲིག་གི་ཉེ་འདབས་ནས་བཀག་པ་དང་། དམག་དོན་གནམ་གྲུ་དེ་རྒྱལ་སྤྱིའི་མཁའ་ཁོངས་སུ་འཕུར་བཞིན་ཡོད་ཟེར། 

མེ་གླིང་བྱང་མའི་མཁའ་སྲུང་དམག་སྤྱི་ཁང་གིས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། གནམ་གྲུ་དྲུག་སྐོར་ཁག་གཉིས་སུ་བགོས་ནས་ཨ་མེ་རི་ཁའི་ཨ་ལཱ་སི་ཅཱ་ཀྲིག་གི་མཁའ་སྲུང་བར་མཚམས་སུ་ཡོང་བའི་ཨུ་རུ་སིའི་དམག་དོན་གནམ་གྲུ་དེ་ཚེས་ཉི་ཤུ་ཉིནF-22རྟགས་ཅན་གྱི་འཐབ་འཛིང་གནམ་གྲུས་བཞི་ཡིས་བཀག་པ་དང་། ཕྱོགས་ཡོངས་ནས་ལྟ་རྟོག་བྱས་པ་རེད། ཨུ་རུ་སིའི་དམག་དོན་གནམ་གྲུ་དེ་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་མཁའ་ཁོངས་ལས་བརྒལ་མེད་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་མཁའ་དམག་གི་འཐབ་ཇུས་འགས་གཏོར་གནམ་གྲུ་བཞི་ཡིས་ཨ་ལཱ་སི་ཅཱ་ནུབ་ངོས་མཚོ་འགྲམ་དང་ཨ་ལིག་ཧྲིན་གླིང་ཚོམས་བྱང་འགྲམ་གྱི་མཁའ་ཁོངས་སུ་སྐོར་ཞིབ་བྱས་པ་དང་། འཕུར་ཡུན་དུས་ཚོད་བཅུ་གཉིས་ལ་བརྒལ་ཡོད་ཟེར། ཨ་མེ་རི་ཁའི་མཁའ་དམག་གིF-22རྟགས་ཅན་གྱི་འཐབ་འཛིང་གནམ་གྲུས་ཨུ་རུ་སིའི་དམག་དོན་གནམ་གྲུ་དང་མཉམ་འཕུར་བྱས་པ་རེད་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་ལས་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་དུས་བཅད་ལྟར་གླིང་སྣེ་བྱང་མ་ས་ཁུལ་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ། ཞི་བདེ་རྒྱ་མཚོ་ཆེན་མོ་བཅས་ཀྱི་མཁའ་ཁོངས་སུ་སྐོར་ཞིབ་བྱེད་བཞིན་ཡོད་ལ། འཕུར་སྐྱོད་བྱ་འགུལ་དེས་སྤྱི་བའི་མཁའ་ཁོངས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་བརྩི་སྲུང་བྱས་ཏེ། རྒྱལ་ཁབ་གཞན་པའི་མཁའ་ཁོངས་སུ་གནོད་པ་བཟོས་མེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།