ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་ཚད་ཆེན་མོའི་སྒོ་ནས་རང་ཚོད་འཛིན་བཞིན་ཡོད་པའི་ཚུལ་བསྟན་པ་དང་འཇར་པན་གྱིས་གནས་བབ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཚེས་བཅུ་དྲུག་ཉིན་ཨ་མེ་རི་ཁས་དབྱི་ལིང་བར་གྱི་ཛ་དྲག་གནས་བབ་སྔར་ལས་ཇེ་སྡུག་ཏུ་བཏང་བར་སྐྱོན་འཛུགས་བྱས་པ་དང་། དབྱི་ལིང་གིས་སྔར་བཞིན་ཚད་ཆེན་པོའི་སྒོ་ནས་རང་ཚོད་འཛིན་བཞིན་ཡོད་པའི་ཚུལ་བསྟན། 

ཀྲ་ལི་ཧྥུའུ་ཡིས་ཉིན་དེར་འཇར་པན་གྱི་རྒྱལ་ས་ཏུང་ཅིན་ཏུ་འཚམས་འདྲི་བྱས་ཏེ། འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཧི་ཡེ་ཐེ་ལིང་ལ་ཐུག་འཕྲད་བྱས། གྲོས་མོལ་མགོ་མ་བརྩམས་གོང་། ཁོས་གསར་འགོད་པར་བཤད་རྒྱུར། ཨ་མེ་རི་ཁ་ན་ནིང་ཟླ་ལྔ་བར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མོལ་ལ་ཕྱིར་བུད་ཀྱང་། དབྱི་ལིང་གིས་ཚད་ཆེན་པོའི་སྒོ་ནས་རང་ཚོད་བཟུང་ཡོད་ལ། སྔར་བཞིན་ཕྱོགས་མང་བོའི་གྲོས་མཐུན་དེ་བརྩི་སྲུང་བྱེད་པར་འབད་འབུངས་བྱེད་བཞིན་ཡོད། དབྱི་ལིང་ཕྱོགས་ཀྱིས་བལྟས་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཛ་དྲག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་བཏང་བར་བཟོད་སྒོམ་བྱེད་ཐབས་མེད་ལ། གནས་ལུགས་ཀྱང་མི་བརྩི་བ་རེད་ཟེར། 

ཀྲ་ལི་ཧྥུའུ་ཡིས་ཧི་ཡེ་ཐེ་ལིང་ལ་བཤད་རྒྱུར། དབྱི་ལིང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་པར་རེ་བས་ཁེངས་ཡོད་ཀྱང་། དབྱི་ལིང་གིས་རང་སྲུང་བྱེད་ཁོ་ཐག་ཡིན་པ་དང་། ང་ཚོའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དམིགས་པའི་འཇིགས་ཉེན་གང་རུང་ལ་རྒོལ་ལན་སྤྲོད་ངེས་ཡིན་ཟེར། 

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཉིན་དེར་ཀྲ་ལི་ཧྥུའུ་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། འཇར་པན་ཕྱོགས་ཀྱིས་དབུས་ཤར་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བར་སེམས་ཁུར་བྱེད་བཞིན་ཡོད་ཟེར། ཧི་ཡེ་ཐེ་ལིང་གིས་ཀྱང་ཀྲ་ལི་ཧྥུའུ་ལ་གནས་བབ་དེར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། འཇར་པན་ཕྱོགས་ཀྱིས་གང་ནུས་ཀྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ། ཐབས་བརྒྱ་ཇུས་སྟོང་གིས་ཐག་གཅོད་བྱས་མེད་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་ཁས་ལེན་བྱས། 

ཐུན་མོང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧི་ཡེ་ཐེ་ལིང་དང་ཀྲ་ལི་ཧྥུའུ་གཉིས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་ལ་ཡིད་འཐད་བྱུང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།