ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱའི་བྱང་ཤར་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུན་ནེ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཁུན་ནེ་ཡཱའི་བྱང་ཤར་ཕྱོགས་ཀྱི་ཅཱ་ལི་སཱ་རྫོང་ནས་ཚེས་བཅུ་གཉིས་ཉིན་གྱི་ནམ་གུང་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག་ཡོད་ཟེར། 

ཉེན་རྟོག་ཕྱོགས་ཀྱི་འགན་ཁུར་བ་ཨ་ཁི་སི་ཡིས་གསར་འགོད་པར་བཤད་རྒྱུར། ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་ཚེས་བཅུ་གཅིག་ཡས་མས་སུ། ཨར་འདམ་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཞིག་དང་འགྲུལ་སྐྱེལ་རླངས་འཁོར་ཞིག་ཅཱ་ལི་སཱ་རྫོང་གི་མྱུར་བགྲོད་གཞུང་ལམ་སྟེང་ཐོ་བརྒྱབ་སྟེ། མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞི་སྨན་ཁང་དུ་བསྐྱལ་རྗེས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

ཁུན་ནེ་ཡཱའི་རྒྱ་གྲམ་དམར་པོ་ཚོགས་པས་གསར་འགོད་པར་བདེན་དཔང་བྱས་དོན། རྨས་མ་དག་ཅཱ་ལི་སཱ་རྫོང་གི་ས་གནས་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པ་དང་། མིག་སྔར་རྨས་མ་བཅུ་བཞིའི་རྨས་སྐྱོན་ཅུང་ཚབས་ཆེན་ཡིན་ལ། ཉེན་ཁ་ལས་ཐར་མེད་པས་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།