ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མ་ས་ཁུལ་གྱི་ས་ཞིང་དང་ཆུའི་ཐོན་ཁུངས་ཀྱི་གླེང་སྟེགས་ཁེ་རོ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཉིས་སྟོང་བཅུ་དགུ་ལོའི་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མ་ས་ཁུལ་གྱི་ས་ཞིང་དང་ཆུའི་ཐོན་ཁུངས་ཀྱི་གླེང་སྟེགས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་སྤེལ། ཆེད་མཁས་པ་དང་སྲིད་གཞུང་གི་དཔོན་རིགས། ལས་རིགས་ཀྱི་ལས་གཉེར་མཁན་བཅས་མི་བཞི་བརྒྱ་ཙམ་གྲོས་ཚོགས་ལ་ཞུགས་ཏེ། ས་ཁོངས་ནང་གི་ས་གཤིས་ཞན་འགྱུར་དང་བྱེ་འགྱུར། ནམ་ཟླའི་འགྱུར་ལྡོག ཆུའི་ཐོན་ཁུངས་དཀོན་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། 

ཨེ་ཅིབ་ཀྱི་ཆུའི་ཐོན་ཁུངས་དང་ཆུ་གཏོང་གི་པུའུ་ཀྲང་ཨ་ཐིས་ཀྱིས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། ཆུའི་ཐོན་ཁུངས་དཀོན་པ་ནི་ས་ཁུལ་རང་གི་གནད་དོན་ཆེས་ཚབས་ཆེན་ཞིག་ཡིན། ཚ་རླབས་ཀྱི་ནམ་ཟླ་མང་བ་དང་མཚོ་ངོས་ཀྱི་ཆ་སྙོམས་མཐོ་ཚད་ཇེ་མཐོར་འགྲོ་བ་སོགས་སྣང་ཚུལ་ལས་ས་ཁུལ་རང་གི་ཆུའི་ཐོན་ཁུངས་དོ་དམ་ཐད་འགྲན་རྩོད་སྔར་ལས་ཆེན་པོ་བསླངས་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་འབྲེལ་ཡོད་རྒྱུ་ཆ་ལྟར་ན། དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མ་ས་ཁུལ་གྱི་མི་རེའི་ཆ་སྙོམས་ཀྱི་དག་གཙང་ཆུའི་ཐོན་ཁུངས་ཀྱི་ཚད་འཛམ་གླིང་ཡོངས་ཀྱི་ཆེས་དམའ་མོ་ཡིན་པ་དང་། འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ཀྱི་བརྒྱ་ཆའི་བཅུ་ཙམ་ལས་མེད། གནད་དོན་དེ་མ་འོངས་པའི་ལོ་བཅུ་ཕྲག་འགའི་ནང་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད་ལ། ཚོད་དཔག་བྱས་ན་ཉིས་སྟོང་ལྔ་བཅུ་ལོར་ཐོན་དུས་མི་རེའི་ཆ་སྙོམས་ཀྱི་ཆུའི་ཐོན་ཁུངས་ཀྱི་ཚད་ད་ལྟའི་ཆུ་ཚད་ལས་ཕྱེད་ཙམ་ཇེ་དམའ་རུ་འགྲོ་སྲིད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མ་ས་ཁུལ་གྱི་འཐུས་མི་ཨེ་ཧཱ་མེད་ཏི་ཡིས་བསྟན་དོན། ས་ཆུའི་ཐོན་ཁུངས་གནད་དོན་དེ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་ལ་དམ་དུ་འབྲེལ་ཡོད་ཅིང་། དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མ་ས་ཁུལ་གྱི་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་དང་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་གནད་འགག་ཀྱང་ཡིན་པས། ས་ཁོངས་མཉམ་ལས་ལ་བརྟེན་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཅིག་ཡིན་ཟེར། ཁོས་གྲོས་ཚོགས་ལ་ཞུགས་པ་དག་གིས་ལག་རྩལ་དང་སྲིད་ཇུས་ཕྱོགས་གཉིས་ནས་མགོ་བརྩམས་ཏེ། རྒྱལ་ཁབ་སོ་སོའི་ས་ཞིང་དང་ཆུའི་ཐོན་ཁུངས་ཀྱི་དོ་དམ་ཐད་ཀྱི་ཉམས་མྱོང་དང་དངོས་བཀོལ་ཇུས་གཞི་མཉམ་སྤྱོད་གང་ལེགས་བྱས་ནས། མཉམ་འབྲེལ་གྱིས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པར་རོགས་འདེགས་བྱ་དགོས་པའི་འབོད་སྐུལ་བཏང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།