ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངག་ཚོགས་པའི་འགན་ཡུན་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངག་ཚོགས་པ་དང་དེའི་དམག་དོན་ཐེ་གཏོགས་སྟོང་ཤོག་གི་འགན་ཡུན་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུའི་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར། 

གྲོས་ཆོད་གཉིས་བཞི་དྲུག་གསུམ་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངག་ཚོགས་པའི་ལས་འགན་གཙོ་བོ་དེ་མི་སེར་དཀྱུས་མའི་སྲུང་སྐྱོབ་བྱེད་པ་དང་འདེམ་བསྐོའི་བྱ་བར་རྒྱབ་སྐྱོར་བྱེད་པ་ནས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་དང་། ཁོང་གོ་ཅིན་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་རམ་འདེགས་བྱས་ཤིང་རྒྱལ་ཁབ་ལས་ཁུངས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་བཅོས་སྐྱོང་དང་བདེ་འཇགས་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གཙོ་བོར་རྒྱབ་སྐྱོར་བྱེད་པར་བསྒྱུར་ཡོད། ཁོང་གོ་ཅིན་གྱི་འདེམ་བསྐོ་དེ་ན་ནིང་ཟླ་བཅུ་གཉིས་པར་སྤེལ་བ་རེད། 

གྲོས་ཆོད་གཉིས་བཞི་དྲུག་གསུམ་ལས་རིམ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངག་ཚོགས་པའི་ལས་འགན་དེ་ཁོང་གོ་ཅིན་སྲིད་གཞུང་སོགས་ལ་བརྒྱུད་སྤྲོད་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངག་ཚོགས་པ་དེ་དུས་སྐབས་འོས་འཚམ་གྱི་སྐབས་སུ་ཕྱིར་འཐེན་བྱེད་པར་སྟབས་བདེ་བཟོ་དགོས་པ་ནན་བཤད་བྱས། གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན་གྱི་ཡར་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་གྱི་གཏན་འཇགས་ཆེད་མངག་ཚོགས་པར་སྒེར་ཚུགས་ཀྱི་འཐབ་ཇུས་དཔྱད་འཇོག་ཅིག་བྱས་ཏེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་དཔྱད་འཇོག་མཇུག་འབྲས་སྤྲོད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།